རྨ་ཆུའི་མགོ་ཁུངས་སྲུང་། རང་གི་ཁྱིམ་ཚང་སྲུང་།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

སྒྲོལ་མས་རང་ཉིད་ཀྱིས་རྨ་ཆུར་བཅངས་པའི་རེ་བཅོལ་བྲིས

རྨ་ཆུའི་འགོ་ཁུངས་ཀྱི་བརླན་སར་རྒྱུ་བའི་ཁྲུང་ཁྲུང་སྐེ་ནག

“རྨ་ཆུའི་མགོ་ཁུངས”དང“རྨ་ཆུའི་ཆུ་མགོ”ཞེས་བྲིས་ཡོད་པའི་རྡོ་རིང་གཉིས་མིག་མདུན་དུ་མངོན་སྐབས། མཚོ་འཕང་རྨིད4591ཙམ་གྱི་གནས་སུ་འགྲོ་བའི་དཀའ་ཁག་དང་སྤྱི་ལེ2ལ་རྐང་ཐང་དུ་བསྐྱོད་པའི་ངལ་དུབ་གང་ཡང་མེད་པར།  ཡོད་པ་ནི“ང་རྨ་ཆུའི་མགོ་ཁུངས་སུ་སླེབས་སོང”ཞེས་པའི་ངར་སྐད་ཁོ་ན་རེད། དེ་ནི་ཀྲུང་གོ་པ་ཚང་མའི་སྙིང་དབུས་སུ་བརྐོས་པའི་གཙང་པོའི་མགོ་ཁུངས་ལ་བཅངས་པའི་ཡིད་སྨོན་དང་གུས་ཞེན་རེད།

མིག་མདུན་དུ་ལངས་པའི་སྒྲོལ་མ་ལ་མཚོན་ན་ཡོད་ཚད་མཐོང་ལོབས་སུ་གྱུར་པ་དང་འདྲ་སྟེ། འཛུམ་ཆུང་ཞིག་མངོན་བཞིན་མིག་མདའ་ཆུ་མིག་ལ་འཕེན་ཞོར།  ལྷུང་ལྷུང་བཞུར་བའི་ཆུ་མིག་གི་འགྲམ་དུ་སོང་སྟེ། སེམས་པ་རྣམ་དག་གིས་ཆུ་སྐྱོགས་གང་བཅུས་ཏེ་མཁའ་དབྱིངས་སུ་མཆོད། 

བོད་ཀྱི་སྲོལ་རྒྱུན་གྱི་རི་ཆུའི་རིག་གནས་ཁྲོད་རི་བོ་མཐོན་པོ་ཕ་ལྟར་བཀུར་ཞིང་ཆུ་བོ་དྭངས་མོ་མ་བཞིན་བསྒོམས་ཡོད་པས། ཁོ་ཚོས་ས་གཞི་དང་ཆུ་བོར་རྟག་ཏུ་གུས་ཞེན་གྱིས་གཏམས་ཡོད།

ལོ་ན་ཉི་ཤུར་བུད་པའི་སྒྲོལ་མའི་ཁྱིམ་ནི་རྨ་ཆུའི་མགོ་ཁུངས་ཡོས་ཀྱི་སླང་ལེབ་དང་བར་ཐག་དེ་འདྲ་མི་རིང་བའི་ས་སྟེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་དགུ་གཡང་སྡེ་བར་ཡོད་ལ། མོའི་ཁྱིམ་ནི་རྨ་ཆུའི་མགོ་ཁུངས་དང་བར་ཐག་སྤྱི་ལེ10ཡང་མེད་པས།“རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ”དང“རྨ་ཆུའི་སོ་ལྟ་ཁང་དང་པོ”ཞེས་ཀྱང་བརྗོད་ཀྱིན་ཡོད།

ཉིན་ཞིག་གི་ཞོགས་པའི་ཆུ་ཚོད7པར། གནམ་མཐའ་ནས་སྐྱ་རེངས་བཀྱགས་ཏེ། ཡོས་ཀྱི་སླང་ལེབ་ཀྱི་འོད་ཟེར་མགོ་མ་རྒྱང་རིང་གི་རི་གསེབ་ནས་རིམ་བཞིན་འཕྲོས་པ་དང་། བ་མོ་བཞག་པའི་རྩྭ་ཐང་གིས་མ་གཞི་ནས་དྲོད་ཚད་དམའ་བའི་གནམ་གཤིས་ལ་གྲང་རླུང་ཕྲན་བུ་བསྣན་ཡོད། ཞོགས་པའི་ན་བུན་ཁྲོད། སྒྲོལ་མ་དང་མོའི་ཨ་མ་གཉིས་ཀྱིས་ཉིན་རེའི་འོ་མ་བཞོ་བའི་ལས་ཀ་ལེགས་པར་གྲུབ་ནས་ནོར་ཁྱུ་རི་མགོར་འདེད་གྲབས་བྱེད་བཞིན་འདུག

སྒྲོལ་མ་དང་ཨ་མ། ཨ་ཞང་། ཨ་ནེ་བཅས་ཀྱིས་ཁྱིམ་ཚང་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད། ཁྱིམ་དུ་བཟའ་མི་ཆེ་ཆུང13ཡོད། ཁོ་ཚོར་རྫོང་མཁར་དུ་ཁང་པ་ཡོད་ལ། རྨ་སྟོད་ཡུལ་ཚོར་ཡང་ཁང་པ་ཡོད་དེ། རྫོང་མཁར་དུ་སློབ་གྲྭར་འགྲོ་རན་པའི་ནུ་བོ་ནུ་མོ་དང་ཁོ་ཚོར་ལྟ་སྐྱོང་བྱེད་མཁན་གྱི་ནང་མིས་འཚོ་བ་སྐྱེལ་གྱིན་ཡོད། ཁྱིམ་ཚང་གང་པོའི་འཚོ་རྟེན་གཙོ་བོ་ནི་སྒོ་ཕྱུགས130ལྷག་ཡོད་པ་དེ་ཡིན།

སྒྲོལ་མ་ཚང་གི་ཁང་པ་གཉིས་ལས་མངོན་གསལ་གྱིས་རྙིང་པར་གྱུར་པའི་སོ་ཕག་ཁང་པའི་ནང་དུ་དངོས་རྫས་ཧྲལ་ཧྲུལ་དང་ལྕི་བ་སྐམ་པོ་སྤུངས་ཡོད་ལ། ཁང་པ་གཞན་ཞིག་ལ་རྩི་སེར་པོ་བྱུགས་ཡོད་པ་དེ་ནི་སྒྲོལ་མ་ཁྱིམ་ཚང་གང་པོའི་འཚོ་བ་རོལ་ས་རེད།

ཁང་བའི་ཕྱི་རོལ་དུ་འོད་ནུས་པང་ལེབ་གཉིས་བཞག་ཡོད་པས། ཁྱིམ་གྱི་གློག་གི་དགོས་མཁོ་ཕལ་ཆེར་བསྐང་ཐུབ། ཐག་མི་རིང་བའི་སར་ཡོད་པའི་སྤྱི་སྤྱོད་སྤོ་སྒུལ་འཕྲིན་གཏོང་སྦྲེལ་ཚུགས་ཀྱིས་ཀྱང་ལག་འཁྱེར་ཁ་པར་གྱི་བརྡ་རྟགས་བཀང་དུ་འཇུག་ཐུབ།

སྒྲོལ་མ་ནི་ཁ་ཡ་ན་ཟླ་མང་ཆེ་བ་ཞིག་དང་མི་འདྲ་བར། རྟར་ཞོན་པ་དང་། འཕྲུལ་རྟར་ཞོན་པ། རླངས་འཁོར་བསྐོར་བ། འབྲི་མོ་བཞོ་བ། ནོར་འཚོ་བ་སོགས་ལ་ཧ་ཅང་འཇོན་པས། སྟབས་བདེའི་ཁྱིམ་ལས་ནི་དེ་བས་གླེང་མི་དགོས།

སྒྲོལ་མའི་ཁྱིམ་དང་བར་ཐག་རྨིད་ཉི་ཤུ་སུམ་ཅུའི་སར་ཆུ་རྒྱུན་ཞིག་ཡོད་པ་དེ་ནི་ཁྱིམ་ཚང་གང་པོའི་འཐུང་ཆུའི་འབྱུང་ཁུངས་རེད། སྒྲོལ་མས་ལོ17ནས་བཟུང་ཨ་མར་ཆུ་འཁུར་རོགས་བྱེད་བཞིན་ཡོད།

“ཆུ་བོ་འདི་གང་ནས་བཞུར་ཡོང་བ་རེད།”

“རྨ་ཆུའི་ཆུ་མགོ་ནས་བཞུར་ཡོང་བ་རེད།”

ཆུ་བོའི་འགྲམ་དུ་སྒྲོལ་མས་བྱང་ཆ་ལྡན་པའི་སྒོ་ནས་ཆུ་བཅུས་ཏེ་ཆུ་ཟོ་འཁུར་བཞིན་ཡོད་ལ། ལྗིད་ཚད་སྤྱི་རྒྱ15ཡོད་པའི་ཆུ་ཟོ་ནི་འཁུར་ཐག་ཅིག་ལ་བརྟེན་ནས་ལས་སླ་མོར་ཕྲག་པར་འཁུར་ཐུབ།

རྨ་ཆུའི་མགོ་ཁུངས་ནས་བཞུར་ཡོང་བའི་ཆུ་བོ་དེ་སྒྲོལ་མའི་ཁྱིམ་ཚང་གང་པོའི་ངོས་ནས་བརྗོད་ན་མིང་དོན་མཚུངས་པའི་མ་ཡུམ་ཆུ་བོ་ཡིན་ཏེ། དེས་ཁོ་ཚོའི་རྩྭ་ས་གསོ་སྐྱོང་བྱེད་བཞིན་ཡོད་ལ། ཁྱིམ་གྱི་ནོར་ཁྱུ་ཡང་གསོ་བཞིན་ཡོད། ཁྱིམ་ཚང་གང་པོས་དེ་རུ་ཐོན་སྐྱེད་དང་འཚོ་བ་རོལ་ཏེ། ལོ་ངོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་བཞིན་རྨ་ཆུའི་མགོ་ཁུངས་སྲུང་གིན་ཡོད།

སྒྲོལ་མའི་ཨ་ཞང་གིས་བཤད་རྒྱུར།  ང་ཚོས་གནས་འདི་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། དེ་ནི་རྨ་ཆུའི་མགོ་ཁུངས་རེད། དེ་ནི་སྤོ་བོས་ཁོ་ལ་བཤད་པའི་སྐད་ཆ་རེད།

ཨ་ཞང་དགེ་ཆོས་ཀྱི་ཤུགས་རྐྱེན་འོག་ཁྱིམ་ཚང་གང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ནས་ཇེ་དྲག་ཏུ་ཕྱིན།

སྒྲོལ་མས་བཤད་རྒྱུར། ཨ་ཞང་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པས། དུས་བཀག་ལྟར་རི་བོར་སྐོར་སྐྱོད་དང་གད་སྙིགས་འཚོལ་དུ་འགྲོ་དགོས། ང་ཚོ་ཡང་ཨ་ཞང་དང་མཉམ་དུ་གད་སྙིགས་བཏུ་རུ་འགྲོ་རྒྱུར་དགའ།  དུས་ཡུན་རིང་པོ་འགོར་བ་དང་བསྟུན་ནས་རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱ་རྒྱུ་དེ་ཁྱིམ་ཚང་གཅིག་གི་འགན་འཁྲི་ཞིག་ཏུ་གྱུར།

“ཁྱོད་ཀྱིས་རྨ་ཆུ་མཐོང་མྱོང་ངམ།”

“མཐོང་ལོས་མྱོང་། ང་ཚོའི་འདི་ནས་མར་བཞུར་གྱིན་འདུག”སྒྲོལ་མས་སྤོབས་ཉམས་ཀྱིས་ལན་བཏབ་བྱུང་།

གསར་འགོད་པས་མོར་གནས་འདི་དང་ཁ་འབྲལ་འདོད་ཡོད་མེད་དྲིས་པའི་སྐབས་སུ། སྒྲོལ་མས“ངའི་ཁྱིམ་འདི་ན་ཡོད་པས་ང་ཚོས་རྨ་ཆུའི་མགོ་ཁུངས་དང་ཁྱིམ་ཚང་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཤད།

བཅར་འདྲི་མཇུག་བསྒྲིལ་རྗེས། སྒྲོལ་མས“ངའི་ཁྱིམ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཡིན། རྨ་ཆུའི་འགྲམ་རྒྱུད་ཀྱི་སྤུན་ཟླ་ཚོས་རྨ་ཆུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ངའི་རེ་བ་ཡིན”ཞེས་བྲིས། དེ་ནི་མོས་རྨ་ཆུའི་འགྲམ་རྒྱུད་དུ་འཚོ་སྡོད་བྱས་པའི་མི་རྣམས་ལ་བཤད་འདོད་པའི་སྐད་ཆ་ཡིན་ལ། ཁོ་ཚོ་ཁྱིམ་མི་གང་པོས་ཐོག་མཐའ་བར་གསུམ་དུ་སྒྲུབ་བཞིན་པའི་བྱ་བ་ཞིག་ཀྱང་རེད།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།