
ཁྲི་ཀ་རྫོང་རྨ་ཆུའི་རྨ་སྲིབ་མཚམས་ཀྱི་འདམ་རའི་སྤྱི་གླིང་དུ་སྟོན་ཁའི་ཞོགས་པའི་ཉི་འོད་ཐོག་མ་དྭངས་ཤིང་གཙང་བའི་ཆུ་ངོས་སུ་འཕྲོས་པ་ན“འདམ་རའི་སྤྱི་གླིང་”ཞེས་པའི་རྡོ་བརྐོས་ཡིག་འབྲུ་དམར་པོས་མི་རྣམས་ཀྱི་མིག་དབང་འཕྲོག་ཅིང་། འདམ་རྩྭ་རླུང་དང་འགྲོགས་ནས་གཡོ་བ་དང་། ཆུ་བྱས་གཤོག་རྡེབ་བྱེད་བཞིན་མཁའ་རུ་འཕུར་གྲབས་བྱེད་པ་དེ་ནི་རི་མོ་བ་གྲགས་ཅན་ཞིག་གི་སྨྱུག་རྩལ་ལས་ཐོན་པའི་རི་མོ་ཞིག་དང་འདྲ། ཡིན་ནའང་། ད་ལྟ་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་སྐྱེ་ཁམས་འདམ་ར་འདི་ཉིད་ཡར་སྔོན་དུ་སྐྱེ་འགྲོ་ཀུན་གྱིས་གཡོལ་འདོད་པའི“སྦགས་བཙོག་གི་གནས་ངན་པ”ཞིག་ཡིན་པ་རེད།
ཁྲི་ཀ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་མྰ་ཡུའུ་པིན་གྱིས་བཤད་རྒྱུར། འདམ་རའི་སྤྱི་གླིང་གི་སྐྱེ་ཁམས་བརླན་སའི་ཆུ་སྐྱེས་རྩི་ཤིང་ཉམས་ཞན་དུ་འགྲོ་བ་དང་སྦགས་བཙོག་དངོས་པོ་ཇེ་མང་དུ་འགྲོ་བ། བཙོག་ཆུའི་དྲི་ངན་འཐུལ་བ་སོགས་གཅིག་འདུས་གནད་དོན་ལ་དམིགས་ནས་ང་ཚོས་ཡུལ་བབ་ལ་བསྟུན་ཏེ་མཉམ་འདུས་བཞུར་རྒྱུན་གྱི་མི་མངོན་པའི་འདམ་ར་སྤྱི་ཆིང4.8དང་ས་ངོས་ཀྱི་རྒྱུག་ཆུའི་འདམ་ར་སྤྱི་ཆིང8.2བསྐྲུན་ནས་འདམ་ར་ཉམས་གསོ་དང་སྦགས་བཙོག་དངོས་པོ་གཙང་སེལ་བྱེད་པ། ཆུ་རྔ་གཙང་བཟོ་ཐེངས་གཉིས་བྱས་པ་བརྒྱུད་མང་ཚོགས་སྤྲོ་གསེང་དང་འཆམ་འཆམ་དུ་འགྲོ་ས་ཡག་པོ་ཞིག་དང་འདམ་ར་སྲུང་སྐྱོང་གི་ཚན་རྩལ་ཁྱབ་གདལ་གྱི་སྐར་ཁུང་གསར་པ་ཞིག་ཏུ་གྱུར་བས“སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཡིན་པ”གསལ་འགྲེལ་ལེགས་པོ་བརྒྱབ་ཡོད་ཟེར།
འདམ་རའི་སྤྱི་གླིང་གི་འགྱུར་ལྡོག་ནི་ཁྲི་ཀ་རྫོང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ཐད་ཀྱི་བསྡུས་གཟུགས་ཡིན་ཞིང་། “ལོ་ལྔའི་འཆར་འགོད་བཅུ་བཞི”པའི་རིང་ལ་ཁྲི་ཀ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར12.5བཏང་ནས་ཆུ་རྒྱུད་སྦྲེལ་མཐུད་དང་ཆུ་མཛེས་གྲོང་ཚོ། རྨ་ཆུའི་ཆུ་ལག་དང་ཡུར་བུའི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་། རྨ་ཆུའི་གཞུང་རྒྱུན་དང་ཆུ་ལག་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་གཙོ་གནད་ལས་གཞི་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས། ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་ས་ངོས་ཀྱི་རྒྱུག་ཆུའི་སྦགས་བཙོག་དངོས་པོ་ཆུ་ལམ་དུ་འདྲེན་ཚད་ནུས་ལྡན་ངང་ཇེ་ཉུང་དུ་སོང་བ་དང་ཆུ་བོའི་སྐྱེ་ཁམས་བདེ་ཐང་ཆུ་ཚད་ཇེ་མཐོ་རུ་སོང་ནས་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་རྒྱུན་མཐུད་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད་ལ། ཆུར་འདྲེས་བྱེ་འདམ་དང་སྦགས་བཙོག་ཐེབས་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ནས་རྨ་ཆུའི་འབབ་རྒྱུད་ལས་ཁྲི་ཀའི་མཚམས་ཀྱི་ཆུའི་སྤུས་ཚད་ས་ངོས་ཆུའི་རིམ་ཚད2པར་སླེབས་པ་དང་འདི་ཡིས་ནུས་ལྡན་ངང་“བདེ་སྐྱིད་ཆུ་མཚེའུ”སྐྲུན་པའི་སྐྱེ་ཁམས་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།
སྐྱེ་ཁམས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པར་བྱས།
སྐྱེ་ཁམས་ཀྱི་རྩ་བ་བརྟན་སྲུང་བྱས་ཏེ“རི་སྔོ་ཆུ་དྭངས”དེ་དམངས་འཚོར་ཕན་འདོགས་པའི“གསེར་དངུལ་རི་བོར”ཇི་ལྟར་བསྒྱུར་དགོས་སམ། ཁྲི་ཀ་རྫོང་གིས་རྨ་ཆུའི་དྭངས་གཙང་ཆུ་རྒྱུན་དང་མཚམས་སྤྲིན་ས་བབ་སོགས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་དེ་བཞིན་ལྷ་དབང་ལྡིང་ཁང་དང་ཡུལ་ལྷའི་ལྷ་ཁང་འདུས་པའི་མི་རིགས་མང་པོའི་རིག་གནས་ཀྱི་ནང་སྙིང་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས།
ཡུལ་སྐོར་གསར་སྤེལ་གྱིས་སྐྱེ་ཁམས་ལ་གཏོར་བཤིག་མི་ཐེབས་པར་བྱ་ཆེད། ཁྲི་ཀ་རྫོང་གིས་སྔོན་ལ“འགོག་སྲུང་དྲ་བ”བསྐྲུན་པ་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་དང་བློ་ལྡན་ཆུ་མཚེའུ་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་སོགས་ཀྱི་ལག་རྩལ་བྱེད་ཐབས་བརྒྱུད་ནས་ཡུལ་སྐོར་བྱེད་སྒོ་དེ་ཁོར་ཡུག་གི་རིན་ཐང་ལས་མི་བརྒལ་བ་འགན་སྲུང་བྱས། སྲུང་སྐྱོང་རང་བཞིན་གྱི་སྒོ་ནས“རྨ་ཆུའི་སྐྱེ་ཁམས་རིག་གནས་བར་ཁྱམས”བསྐྲུན་ཏེ་རྐང་ཐང་དང་ལྕགས་རྟ། མེ་འཁོར་ཆུང་གྲས་སོགས་སུ་བསྡད་ནས་ལྟ་སྐོར་བྱེད་པའི་ལམ་ཐིག་ཇུས་འགོད་བྱས་པ་དང་། འདམ་རའི་བྱ་རིགས་དང་ས་གཤིས་ངོ་མཚར་ཅན་ལ་བལྟ་བ་སོགས་ཀྱི་ལས་རིམ་སྦྲེལ་མཐུད་བྱས་ཏེ་དམའ་དབྱིངས་འཕུར་སྐྱོད་ཉམས་ལེན་ནང་འདྲེན་བྱས་ནས་ཡུལ་སྐོར་བར་ཕྱོགས་མི་འདྲ་བའི་ལམ་ནས་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མྱོང་ཚོར་ཐུབ་པར་བྱས། དེ་དང་ཆབས་ཅིག་ཁྲི་ཀ་རྫོང་གིས་གཏིང་ཟབ་ངང་རྨ་ཆུའི་རིག་གནས་ཀྱི་ནང་སྙིང་སྔོག་འདོན་བྱས་ཏེ་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་། རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི“རྨ་ཆུའི་གར་ཉམས”ཞེས་པའི་རྩེད་རིག་གདན་ཞུའི་འགྲན་བསྡུར་སོགས་རིག་གནས་ལུས་རྩལ་བྱེད་སྒོ་ཆེ་གྲས་བསྟུད་མར་སྤེལ་བ་དང་། སྲོལ་རྒྱུན་སྡེ་བའི་རྣམ་པ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ18བསྐྲུན་ནས་གཟུགས་འདས་ཤུལ་བཞག་རྩེད་རིག་འཁྲབ་སྟོན་དང་མི་རིགས་གཙགས་དྲུབས་ལག་ཤེས་སྒྱུ་རྩལ་སོགས་མྱོང་རོལ་རྣམ་གྲངས་བཙུགས་ཏེ་ཡུལ་སྐོར་བར་སྤྲོ་གསེང་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ས་གནས་རང་གི་བློ་གྲོས་ཤེས་སུ་བཅུག
པེ་ཅིང་གི་ཡུལ་སྐོར་བ་མེང་དབྱི་ཡིས་བཤད་རྒྱུར། ང་ནི་པེ་ཅིང་ནས་ཡོང་བ་ཡིན་ལ་ཐེངས་དང་པོར་རྨ་ཆུའི་སྟོད་རྒྱུད་དུ་ཡོང་བ་ཡིན། ཧི་ནན་མཚམས་ཀྱི་རྨ་ཆུའི་བར་སྨད་རྒྱུད་དུ“ཆུ་དཀར་ཡོལ་གང་གི་ཕྱེད་ཀ་བྱེ་མ་ཡིན”མོད། འོན་ཀྱང་དེ་རིང་དངོས་སུ་གཡུ་ཡི་རླབས་ཕྲེང་མཁའ་རུ་འཕྱོ་བའི་དྭངས་གཙང་གི་རྨ་ཆུ་འདི་མཐོང་བ་ན་ཧ་ལས་པ་ཞིག་རེད། དམའ་དབྱིངས་དཔལ་འབྱོར་དང་ལམ་རྒྱུད་ཀྱི་ལྟ་སྐོར་ཡུལ་སྐོར་ཟུང་འབྲེལ་བྱེད་ཐུབ་པར་བྱུང་ནས་བར་སྣང་ནས་མཚམས་སྤྲིན་ས་བབ་ཆགས་ཚུལ་ལ་ཐུར་ལྟ་བྱེད་ཐུབ་པ་དང་། ད་དུང་དུས་བྱའི་འདམ་ར་དེ་དག་ཀྱང་མཐོང་ཐུབ་པས་ངས་བལྟས་ན་འདིའི་སྐྱེ་ཁམས་མཛེས་པ་སྨྲ་བརྗོད་ལས་འདས་པ་ཞིག་རེད་ཟེར།
དེང་སྐབས་ངང་བ་དཀར་མོ་དང་ཆུ་སྐྱར་སྐྱ་བོ་སོགས་ཆུ་བྱ་དེ་ལས་མང་བོ་ཁྲི་ཀ་རུ་འཚོ་སྡོད་བྱེད་བཞིན་ཡོད་ཅིང་། འདམ་རའི་སྤྱི་གླིང་དང་ཆུ་དཀར་སོགས་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་དེ་ཡུལ་སྐོར་བས་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ཏུ་གྱུར་ནས“རི་སྔོ་ཆུ་དྭངས”དེ་“གསེར་དངུལ་རི་བོར”བསྒྱུར་ཡོད།
ཡུན་ཕན་ལམ་སྲོལ་གྱིས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྐྱེ་ཁམས་གྲུབ་ཚུལ་ལ་འགན་སྲུང་བྱས།
སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཐད་ཁྲི་ཀ་རྫོང་གིས་ཕུགས་ཕན་ལམ་སྲོལ་རབ་དང་རིམ་པ་བཙུགས་ཡོད་དེ། 《ཁྲི་ཀ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》དང《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆ་བཏོན་པ་དང་། ལོ་རེར་ཆ་སྙོམས་སུ་བརྒྱ་ཆ3གྱི་འཕར་ཚད་ཀྱིས་རྫོང་རིམ་པའི་ནོར་ཤུགས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔྱད་ཞིབ་དམིགས་ཚད་ཀྱི་དབང་ཟློས་རིམ་བཞིན་མཐོ་རུ་བཏང་། དེ་དང་ཆབས་ཅིག་ཏུ་ཁྲི་ཀ་རྫོང་གིས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ“ཆུ་མཚེའུ་དཔོན+ནགས་རྩྭའི་དཔོན+ཞིབ་དཔྱོད་དཔོན+ཉེན་རྟོག་དཔོན”བཅས་ཀྱི་མཉམ་སྡེབ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཙུགས་པ་དང“ཡིག་གཉིས་བཀའ་གཉིས་སྙན་ཞུ་གཅིག”གི་བྱ་བའི་སྒྲིག་ཁྲིམས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲིམས་འཛིན་མཉམ་སྡེབ་ལ་ཤུགས་སྣོན་རྒྱབ་པ་དང་ལྟ་སྐུལ་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་འགན་ལེན་གྱི་རྣམ་པ་གསར་ཤོས་སྐྲུན་ཡོད།
འདམ་རའི་སྤྱི་གླིང་གི་ཆུ་རྒྱུན་གཙང་མ་ནས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་རི་མོའི་བར་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལག་ལེན་ཏན་ཏིག་ནས“རི་སྔོ་ཆུ་དྭངས”ཀྱི་རིན་ཐང་འཕོ་འགྱུར་བར་ཁྲི་ཀ་རྫོང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་འབད་བརྩོན་ལ་བརྟེན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ཤོག་གསོན་ཉམས་ལྡན་པ་ཞིག་བྲིས་ཡོད། དེང་སྐབས་དྭངས་ཤིང་གཙང་བའི་རྨ་ཆུ་ཤར་ཕྱོགས་སུ་བཞུར་བ་དང་ཁྱུ་དང་ཁྱུ་བྱས་པའི་ཆུ་བྱ་འཚོ་སྡོད་སྐྱེ་འཕེལ་བྱུང་ནས་གྲོང་གསེབ་ཡུལ་སྐོར་ལ་གསོན་ཤུགས་རྒྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་པར་རིས་ཀྱིས“རྨ་ཀླུང་རིང་མོ་ཁྲི་ཀར་དྭངས”ཞེས་པའི་མཚན་སྙན་སྔར་བས་མངོན་གསལ་དུ་འགྲོ་བཞིན་ཡོད། མ་འོང་བར་རྨ་ཆུའི་འགྲམ་ངོགས་ཀྱི་གྲོང་ཁྱེར་ཆུང་ཆུང་འདིས་མུ་མཐུད་དུ་སྐྱེ་ཁམས་ནི་པུར་སྨྱུག་དང་འཕེལ་རྒྱས་ནི་སྣག་ཚར་བྱས་ནས་མ་ཡུམ་གཙང་བོ་སྲུང་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་དེ་བས་བརྗིད་ཆགས་ཤིང་ལྷད་མེད་པའི་ལེའུ་བརྩམས་ཏེ་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་འཕོ་འགྱུར་དེ་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་བདེ་སྐྱིད་ཀྱི་ འགྲེལ་བརྗོད་ཅིག་ཏུ་འགྱུར་བ་བྱ་ངེས།
འཕྲིན་གཏོང་བ་ཟླ་བ་བཀྲ་ཤིས་ཀྱིས་བསྒྱུར།