

རྭ་རྒྱ་གྲོང་རྡལ་གྱི་ལྗོངས་རྣམ་ཧྲིལ་པོ།

བསྟན་འཛིན་གྱིས་རྨ་ཆུའི་འགྲམ་དུ་གད་སྙིགས་འཐུ་བཞིན་པ།
རྨ་ཆུའི་རོང་འགག་ཏུ་ཆགས་པའི་རྭ་རྒྱ་གྲོང་རྡལ་དུ་བསྟན་འཛིན་དང་འཕྲད་དུས། ཁོས་ལས་གྲོགས་འགའ་དང་མཉམ་དུ་རྨ་འགྲམ་གྱི་གད་སྙིགས་འཐུ་བཞིན་འདུག ཀུ་རེ་དགོད་སྒྲ་དང་བཅས་ཏེ་ཁོ་ཚོས་གནས་གཅིག་གི་གད་སྙིགས་ལམ་སང་བཏུས་ཚར་ཏེ། གནས་གཞན་ཞིག་ལ་ཆས་མགོ་བརྩམས།
བསྟན་འཛིན་གྱིས་བཤད་ན། ལས་ཀ་དེ་ནི་གཟའ་འཁོར་རེའི་རྒྱུན་ལས་སུ་ཆགས་ཡོད་དེ། སྐབས་རེར་རྨ་ཆུའི་འགྲམ་གཉིས་དང་སྐབས་རེར་གྲོང་རྡལ་གྱི་སྲང་བར་དུ་གད་སྙིགས་གཙང་སེལ་བྱེད་དགོས།
གནས་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཡིན་ལ། གནས་དེ་རྨ་ཆུའི་རོང་འགག་ཏུ་ཆགས་ཤིང་མཚོ་འཕང་ཅུང་ཟད་དམའ་ལ། མཁའ་དབུགས་མི་ཡི་ཁམས་ལ་འཕྲོད་པས། “མགོ་ལོག་གི་ཅང་ནན་ཆུང་བ”ཞེས་ཀྱང་བསྙད། རྨ་ཆུ་ནི་རྭ་རྒྱ་གྲོང་རྡལ་བརྒྱུད་ནས་བཞུར་ལ། ཨ་མྱེས་རྨ་ཆེན་གྱི་རི་རྒྱུད་དང་རྭ་རྒྱའི་ས་དམར་རི་རྒྱུད་གཉིས་ཀྱིས་མཉམ་དུ་ལྷིང་འཇགས་ཀྱི་གནས་དེ་བསྲུངས་ཡོད།
“ཁ་སང་དེ་རིང་ཆུ་རྒྱུན་ཅུང་ཟད་ཇེ་ལྷོད་དུ་གྱུར་ཡོད་པས། ཚང་མ་རྨ་འགྲམ་ལ་གད་སྙིགས་འཐུ་རུ་བོས་པ་ཡིན། ཆར་ཆེ་དུས་ཆུ་བྲུག་ཡོང་བས་རྨ་འགྲམ་དུ་ཡོང་མི་རུང་། དགུན་དུས་སུ་སླེབས་ན་གད་སྙིགས་གཙང་སེལ་བྱེད་ཐེངས་ཅུང་མང་།”བསྟན་འཛིན་གྱིས་བཤད་པ་ལྟར་ན། གྲོང་རྡལ་གྱི་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཤིན་ཏུ་ཆེ་ལ། དུས་ངེས་གཏན་ནང་གད་སྙིགས་གཙང་སེལ་བྱེད་དུ་འགྲོ་བས། རྨ་འགྲམ་ནི་ནམ་ཡང་གཙང་མར་གནས།
བསྟན་འཛིན་ནི་རྭ་རྒྱ་གྲོང་རྡལ་གྱི་མི་ཡིན་ཡང་། 2017ལོར་ད་གཟོད་ཕྱུགས་འཚོ་སྐྱོང་གི་འབྲོག་པའི་འཚོ་བ་དེ་བསྐྱུར་ནས་གྲོང་རྡལ་གྱི་འཚོ་བ་རོལ་མགོ་བརྩམས།
2017ལོར། ཉེན་གཡོལ་བདེ་འགོད་ཀྱི་སྐབས་དང་བསྟུན་ནས། བསྟན་འཛིན་སོགས་ཁྱིམ་ཚང་ཁག་ཅིག་རྭ་རྒྱ་གྲོང་རྡལ་དུ་སྤར། ཡིན་ནའང་ཟླ་རེ་ལ་སྔར་བཞིན་སྡེ་བའི་ནང་དུ་ལོག་ནས་ནགས་ར་ལྟ་སྲུང་གི་ལས་འགན་སྐྱོང་བ་རེད།
བསྟན་འཛིན་ཚང་ཡོད་སའི་སྡེ་བ་ནི་རྭ་རྒྱ་གྲོང་རྡལ་སུ་རུག་ཆེན་སྡེ་བ་ཡིན་ལ། སྡེ་མཐར་རྩྭ་ཐང་དང་ནགས་ཚལ་ཡོད་པར་མ་ཟད། ཆུ་མགོ་དང་རི་སྐྱེས་སྲོག་ཆགས་སོགས་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ལྟ་སྲུང་བྱེད་དགོས།
“ཟླ་རེར་ཉིན20ལྷག་ལ་ལྟ་སྲུང་དུ་འགྲོ་དགོས། དེ་གར་ནགས་ཚལ་མུའུ་བཞི་བརྒྱ་ལྔ་བརྒྱ་ཙམ་ཡོད་པར་མ་ཟད། ད་དུང་རྩྭ་ཐང་དང་ཆུ་མིག་ཀྱང་ཡོད་པས། ཆར་ཞོད་དང་མེ་སྐྱོན་འགོག་པའི་ལས་འགན་ཅུང་ཟད་ལྕི་སྟེ། ལོ་གཅིག་གི་དུས་ཚིགས་བཞི་པོར་མཉམ་བཞག་ནས་འདུག་དགོས།”བསྟན་འཛིན་གྱིས་རང་ཉིད་ནི་ཏང་ལ་ཞུགས་ནས་ལོ20འདས་པའི་ཏང་ཡོན་རྒན་པ་ཞིག་ཡིན་པར་མ་ཟད། ནགས་ར་ལྟ་སྲུང་པ་ཞིག་ཀྱང་ཡིན་པས། སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས་ཟེར།
དབྱར་དུས་སུ། བསྟན་འཛིན་ནི་ཉིན་རེའི་ལྟ་སྲུང་གི་ལས་འགན་འགྲུབ་རྗེས་ཕྱིར་གྲོང་རྡལ་དུ་ལོག་ཐུབ་ནའང་། དགུན་དུས་མེ་འགོག་གི་ལས་འགན་ལྕི་བས། ཁོ་རང་འབྲོག་ཁུལ་དུ་སྡོད་དུས་ཤིན་ཏུ་མང་།
གད་སྙིགས་བཏུས་ཚར་རྗེས། ང་ཚོ་རྭ་རྒྱ་གྲོང་རྡལ་རྭ་རྒྱ་ལམ་སྡེ་ཁུལ་དུ་ཡོད་པའི་བསྟན་འཛིན་ཚང་ལ་ཕྱིན། ཁང་མིག་གསུམ་པོ་རྨ་ཆུར་གཏད་འདུག་པར་མ་ཟད། སྒོར་ཐོན་མ་ཐག་ཀྱག་ཀྱོག་ཏུ་འབབ་པའི་རྨ་ཆུ་མཐོང་ཐུབ། ཁང་པའི་མདུན་དུ་མེ་ཏོག་བཏབ་ཡོད་ལ་ཁ་དོག་སྣ་ཚོགས་རྣམ་པར་བཀྲ། སྒེའུ་ཁུང་གི་སྟེགས་ཐེམ་དུ་མེ་ཏོག་གི་གཞོང་བ་མང་པོ་བསྒྲིགས་ཤིང་། དེ་ལས་ཁ་ཤས་ལ་མེ་ཏོག་བཞད་འདུག་པས་ལྷག་པར་མིག་དབང་འཕྲོག་པ་ཞིག་སྣང་།
མགྲོན་པོ་སླེབས་པ་མཐོང་འཕྲལ། བསྟན་འཛིན་གྱི་ཆུང་མ་དབང་མཚོས་མྱུར་དུ་ཇ་བླུགས་ནས་མགྲོན་པོ་བསུས། མོས་རང་ཉིད་ཀྱི་རྐང་པར་གྲུམ་བུ་བྱུང་ཡོད་པས། ཉིན་འདི་དག་ལ་འགྲོ་འདུག་སྟབས་མི་བདེ་ཟེར་བཞིན། ཐབ་ལ་བུད་ཤིང་བསྣན་ནས་ཁྱིམ་ལ་དྲོད་བཀུག
ལྕི་བ་འབུད་པ་ནས་བུད་ཤིང་དང་རྡོ་སོལ་འབུད་པའི་སྐབས་སུ་སླེབས་ཀྱང་། དབང་མཚོ་ནི་ད་ལྟའི་འཚོ་བ་ལ་གོམས་འདུག
“སྡེ་བའི་མཐའ་འཁོར་དུ་འདམ་ནུར་གྱི་གནོད་པ་མང་བས། ང་ཚོ་འདིར་གནས་སྤར། སྲིད་གཞུང་གིས་ང་ཚོར་ཁང་པ་ལས་པར་མ་ཟད་ངའི་ཆུང་མ་ལ་ཁོར་སྲུང་གི་བྱ་བ་བཀོད་སྒྲིག་བྱས་ལ། ང་ཡང་ནགས་ལས་ལྟ་སྲུང་པ་ཞིག་ཏུ་གྱུར་པས། ཟླ་རེར་ཡོང་སྒོ་སྒོར3500ཡོད། འབྲོག་ཁུལ་དུ་ངེད་ཚང་ལ་རྩྭ་ས་མུའུ2400ཡོད། ལོ་རེར་རྩྭ་སའི་ཁ་གསབ་ཀྱང་ཡོད་པས་འཚོ་བ་ལ་སེམས་ཁྲལ་མི་འདུག” བསྟན་འཛིན་གྱིས་གྲོང་རྡལ་དུ་ཆུ་གློག་དང་ཉོ་ཚོང་གང་ལའང་སྟབས་བདེ་ཟེར།
བསྟན་འཛིན་གྱི་བྱིས་པ་གཅིག་མཐོ་གཅིག་ཏུ་སླེབས་ཡོད་ལ། སློབ་རིན་སྟེར་མི་དགོས་པར་མ་ཟད་འཚོ་བའི་ཁ་གསབ་ཡོད་པས། “རང་གིས་འཚོ་བའི་གྲོན་དངུལ་ཙམ་སྟེར་དགོས་པ་ལས་གཞན་གང་ལའང་སེམས་ཁྲལ་བྱེད་མི་དགོས།”
བསྟན་འཛིན་གྱིས་སྔོན་ཆད་རང་ཁྱིམ་གྱི་རྩྭ་ས་དང་ནོར་ལུག་འགའ་འཚོས་ནས་མི་ཚེ་གང་བོར་འབྲོག་ཁུལ་དུ་ལུས་རྒྱུ་རེད་སྙམ་མོད། མ་བསམ་ས་ནས་ད་ལྟ་རྩྭ་ཐང་དང་ནགས་ཚལ་གྱི་ལྟ་སྲུང་པ་དང་རྨ་ཆུར་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་འདུག་པ་འདི་རེད་ཟེར།
“སྔོན་ཆད་རྨ་ཆུ་ལ་སྲུང་སྐྱོང་བྱེད་དགོས་ཞེ་ན་དྲན་རྒྱུ་ཅང་མི་འདུག་མོད། ད་ལྟ་གད་སྙིགས་འཐུ་བ་ནས་སྡོང་ཕྲུག་འཛུགས་པ་གང་ལའང་ང་དང་ཆུང་མ་གཉིས་ཆག་མེད་དུ་འཇུག་བཞིན་ཡོད་ལ། གད་སྙིགས་འཐུ་བའང་རྨ་ཆུ་ལ་སྲུང་སྐྱོང་བྱེད་ཐབས་ཤིག་ཡིན་པ་དང་། ང་ཚོའི་སྒྲུབ་བཞིན་པའི་བྱ་བ་ཙག་ཙིག་འདི་དག་ནི་སྤྱི་ཚོགས་ལ་ཕན་པ་ཆེ་བའི་ལས་དོན་ཞིག་ཡིན་པར་ཡང་ངོས་ཟིན་ཐོབ་ཡོད།”བསྟན་འཛིན་གྱིས་ད་ལྟ་འབྲོག་ཁུལ་གྱི་ཁོར་ཡུག་ཀྱང་ཤིན་ཏུ་གཙང་། ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས་པ་དེ་ཚང་མས་ཤེས་འདུག ནགས་ལས་ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས། རང་གིས་ཀྱང་རང་འགན་ལེགས་པོར་བསྟར་ནས། རྨ་ཆུར་སྲུང་སྐྱོང་དང་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།