

བཀྲ་ཤིས(གཡས་ཕྱོགས་ཀྱི་དང་པོ)དང་རུ་གྲོགས་ཚོས་བྱ་ཚང་སྐྲུན་བཞིན་པ།

སྒོམ་པ་པདྨ(གཡས་ཕྱོགས་ཀྱི་དང་པོ)རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་ཁྲོད་ཞུགས་བཞིན་པ།

སྐོར་སྲུང་གི་ལམ་དུ་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ།
ལོ་ན54ལ་སོན་པའི་བཀྲ་ཤིས་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་སྐོར་དང་པོ་རེད། སྒོ་ཕྱུགས་མེད་པའི་འབྲོག་ཁྱིམ་ཞིག་ལ་མཚོན་ན། ལས་ཀ་ཙག་ཙིག་ལ་བརྟེན་ནས་འཚོ་བ་རོལ་ཐབས་བྱེད་བཞིན་ཡོད་ཅིང་། ཡོང་སྒོ་གཏན་འཇགས་མིན་པ་དེས་རྒྱུན་དུ་འཚོ་བར་དཀའ་ཁག་འབྱུང་བཞིན་ཡོད། 2016ལོར་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་ནས་བཟུང་། བཀྲ་ཤིས་ལ་ལས་ཀ་བརྟན་པོ་ཡོད་པར་མ་ཟད། ཟླ་བ་རེ་རེར་གཏན་འཇགས་ཀྱི་གླ་ཕོགས་ཀྱང་ཡོད་པ་རེད།
བཀྲ་ཤིས་ཚང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་རྐྱང་འཕོངས་སྡེ་བར་ཡོད་ལ། ཁོས་འགན་འཁུར་བཞིན་པའི་སྐོར་སྲུང་ས་ཁོངས་ནི་རྐྱང་འཕོངས་སྡེ་བའི་རྩྭ་ས་ཡིན་ཞིང་། དེ་རུ་རྨ་ཆུའི་བཞུར་རྒྱུན་གྱི་དུམ་མཚམས་དང་། ཝ་གཞོང་སྐར་མཚོའི་བར་མཚོ་དང་སྨད་མཚོ་ཡོད་པར་མ་ཟད། ཆུ་རྒྱུན་དང་བརླན་ས་མོད་པོ་ཡོད་པས། སྐྱེ་ཁམས་བྱེད་ནུས་གལ་ཆེན་ལྡན། བཀྲ་ཤིས་ཀྱིས་བཤད་པ་ལྟར་ན། སྐོར་སྲུང་ས་ཁོངས་ནས་ཁོ་ཚང་བར་སྤྱི་ལེ200ལྷག་ཡོད་པས། ཚོ་ཆུང་ཕྱི་རུ་བསྐྱོད་ཐེངས་རེར། ཕྱི་རོལ་དུ་སྦྲ་གུར་ཕུབ་ནས་ཞག་གཅིག་ལ་སྡོད་དགོས་པ་རེད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་གནས་དང་པོ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཁག་དང་པོའི་སྐོར་ཁག་གི་གྲས་དང་། དེ་ནས་ད་ལྟའི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སླེབས་པའི་བར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལོ་བཅུ་ནི། བྱིས་པ་ཞིག་བདེ་ཐང་ངང་འཚར་ལོངས་འབྱུང་བའི་གསེར་མདོག་གི་ལོ་ཟླ་དང་འདྲ་བར། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་འགྱུར་བའི་གསར་གཏོད་འཚོལ་ཞིབ་རབ་དང་རིམ་པ་མངོན་འགྱུར་བྱུང་། སྒྲིག་གཞི་ཚོད་ལྟའི་སྐབས་སུ། སྲུང་སྐྱོང་དང་འཕེལ་རྒྱས་བར་གྱི་འགལ་བ་རྩོད་སྒྲུབ་ཀྱི་ལམ་ནས་ཐག་གཅོད་ཡག་པོ་བྱས་པ་དང་། དུས་མཚུངས་སུ། ཁོར་ཡུག་ལ་བརྟེན་ནས་བྱུང་ཞིང་། ལོ་ངོ་བརྒྱ་སྟོང་མང་པོར་མི་དང་རང་བྱུང་གི་འབྲེལ་བ་སྙོམས་སྒྲིག་བྱེད་པའི་རིག་གནས་དེ་ཡི་ཁྲོད་འདྲེས་པར་བྱས་པས། སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཏེ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་བྱེད་ཐབས་འཚོལ་ཞིབ་བྱེད་ཐུབ་ཡོད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མ་དབྱིན་ཞང་གིས་བཤད་རྒྱུར། “གཙང་གསུམ་འབྱུང་ཡུལ་ནི་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཡིན་པས། མང་ཚོགས་ཧུར་ཐག་གིས་དེའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ། མི་མེད་ས་ཁོངས་མང་པོ་ཞིག་གི་སྐྱེ་ཁམས་ལ་བདག་སྐྱོང་བྱེད་མཁན་མེད་པའི་གནད་དོན་ཐག་བཅད་ཡོད་པ་དང་། མང་ཚོགས་ཀྱང་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་པ་ཡིན།”
རྨ་ཆུའི་མགོ་ཁུངས་ཀྱི་གླིང་ཁུལ་ནས་རྫ་ཆུའི་མགོ་ཁུངས་ཀྱི་གླིང་ཁུལ་བར། ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་སྡེ་ཆེན་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་སྒོམ་པ་པདྨ་ཡང་སྐྱེ་ཁམས་བདག་སྐྱོང་རུ་ཁག་ཏུ་སྐོར་དང་པོར་ཞུགས་མཁན་གྱི་གྲས་ཡིན་ལ། ཉིན་རྒྱུན་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་ལས་གཞན། ད་དུང་རི་སྐྱེས་སྲུང་ཆགས་ལ་སྲུང་སྐྱོབ་བྱེད་དགོས། དེང་སྐབས་ཁོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱུན་ཤེས་ཁོང་དུ་ཆུད་ཡོད་ལ། ཁྲུང་སྐྱ་དང་ཤྭ་བ་མཆུ་སྐྱ། གནའ་སོགས་རི་སྐྱེས་སྲོག་ཆགས་མང་པོ་བསྐྱབས་མྱོང་།
“སྔོན་ཆད་གླ་ཕོགས་མེད་པའི་དུས་སུའང་རྒྱུན་དུ་བྱ་བ་བསྒྲུབས་པ་ཡིན་ལ། ད་ལྟ་གླ་ཕོགས་ཡོད་སྐབས་དེ་བས་ཀྱང་བྱ་བ་བཟང་བོར་སྒྲུབ་འདོད།”སྒོམ་པ་པདྨའི་བརྟན་སྲུང་ནི་གཙང་པོའི་མགོ་ཁུངས་ཀྱི་ལྟ་སྲུང་པའི་བསྡུས་གཟུགས་ཤིག་རེད། སྐབས་དེར་སྐྱེ་ཁམས་བདག་སྐྱོང་པ17211ཡོད་པ་དེ་ནི་གྲངས་ཀ་ཙམ་ཞིག་མ་ཡིན་ལ། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཅེས་པའང་སྲུང་སྐྱོབ་བྱེད་ཐབས་དང་ཐོན་སྐྱེད་བྱེད་སྟངས་ཀྱི་འགྱུར་ལྡོག་རྐྱང་རྐྱང་མིན་པར། མི་གཅིག་གིས་ཁྱིམ་ཚང་ཞིག་དང་ཐ་ན་ས་ཁོངས་ཤིག་ལ་སྐུལ་ཁྲིད་བྱས་པ་ཡིན་པས། སྐྱེ་ཁམས་ལྟ་སྲུང་བྱ་རྒྱུ་དེ་གཙང་པོའི་མགོ་ཁུངས་ཀྱི་མིའི་སེམས་ཀྱི་གཏིང་སར་ཐིམ་ཡོད་པའི་རང་རྟོགས་ཤིག་དང་འགན་འཁྲི་ཞིག་རེད།
སྒོམ་པ་པདྨའི་བུ་ཆེ་བ་མགོན་པོ་བསོད་ནམས་བདེ་ལེགས་ནི་ཁོ་དང་ལོ་གཅིག་ལ་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་དང་། བུ་གཞན་གསུམ་པོས་ཀྱང་རྟག་ཏུ་འོས་འགན་དང་དུ་བླངས་ནས་སྐྱེ་ཁམས་བདག་སྐྱོང་གི་བྱ་བའི་ཁྲོད་ཞུགས་བཞིན་ཡོད་ལ། ཟླ་ཕོགས་མེད་ཀྱང་སྔར་བཞིན་བྱ་བ་དེ་ལ་དགའ་བོ་བྱེད་ཀྱིན་འདུག བསོད་ནམས་རྡོ་རྗེ་ནི་ཁོའི་བུ་གསུམ་པ་རེད། ཟི་ལིང་ནས་སློབ་མཐར་ཕྱིན་རྗེས་སྤྱིར་ན་གྲོང་ཁྱེར་ནས་བསྡད་ཆོག་མོད། འོན་ཀྱང་ཨ་ཕའི་ཁ་ཏའི་འོག སྔར་བཞིན་ཕྱིར་རང་ཡུལ་དུ་ལོག ལོ་ལྔའི་རིང་ལ། ཨ་ཕའི་རྐང་པ་མི་བདེ་བའི་གནས་ཚུལ་ལ་བསམ་བློ་བཏང་སྟེ་ཨ་ཕའི་སྐོར་སྲུང་གི་ལས་འགན་དང་ལེན་བྱས་ཤིང་། གླ་ཕོགས་སྐར་གཅིག་ཀྱང་མེད་ནའང་སྐོར་སྲུང་གི་ལས་འགན་ཐམས་ཅད་ཁོས་སྒྲུབ་བཞིན་འདུག
བསོད་ནམས་རྡོ་རྗེས་སྐོར་སྲུང་བྱེད་བཞིན་པའི་ས་ནི། ཆ་སྙོམས་ཀྱི་མཚོ་འཕང་སྨི4000ཡན་ཡིན་ལ། ཐ་ན་ས་ཆ་ལ་ལ་མཚོ་འཕང་སྨི5000ལ་སླེབས་ཡོད། ལོ་གཅིག་གི་དུས་ཚིགས་བཞི་པོ་གང་ཡིན་ཡང་སྐོར་སྲུང་གི་ཉིན་མོར་ཁོས་བྱ་བར་སྒྱིད་ལུག་སྤུ་ཙམ་ཡང་བྱེད་མི་ཕོད། ལྷག་པར་དགུན་དུས་བྱ་བར་དཀའ་ཚེགས་ཆེ། སྐོར་སྲུང་གི་ས་ཆ་ཁ་ཤས་སུ་རྟར་ཞོན་ཆོག་མོད། འོན་ཀྱང་ས་ཆ་མང་པོ་ཞིག་ལ་རྐང་ཐང་དུ་འགྲོ་དགོས། ཁ་བ་ཆེན་པོས་པུས་མོ་བསྣུབས་འགྲོ་བ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། ཁོའི་བསམ་པར“ངེས་པར་སྐོར་སྲུང་དུ་འགྲོ་དགོས། གལ་ཏེ་གཏོར་བརླག་གི་གནས་ཚུལ་བྱུང་ན་བྱ་བར་འཐུས་ཤོར་བྱུང་བར”བསམ་བཞིན་ཡོད།
ཁོའི་བསམ་པར་མི་རེ་རེར་རང་གི་གདམ་ག་ཡོད་དེ། “སློབ་ཆེན་མཐར་ཕྱིན་རྗེས་རང་བྱུང་ལྟ་སྲུང་མཁན་ཞིག་ཏུ་གྱུར་པ་དེ་ནི། ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད།ཁོ་ལ”ཕངས་སེམས་སྐྱེ་དགོས་པའི་དོན་དག་ཡོད་མེད་འདྲི་སྐབས། ཁོས“དེའི་ཁྲོད་ཧ་ཅང་ཞུགས་འདོད་ཆེ། ད་ལྟ་ཉེ་འཁོར་གྱི་ན་གཞོན་མང་པོ་ཞིག་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད”ཅེས་སེམས་ཐག་ཆོད་པོའི་སྒོ་ནས་དེ་ལྟར་བཤད་བྱུང་། སྔ་དྲོ་ཨ་ཕའི་རེས་དང་ཕྱི་དྲོ་བུ་ཡི་རེས་སུ་སླེབས་པ་དེ་ནི་རྒྱུན་འཛིན་ཡིན་ལ། འགུལ་སྐྱོད་དང་སྟོབས་ཤུགས་ནི་མི་རབས་བར་བརྒྱུད་སྤྲོད་བྱས་པ་ཞིག་རེད། ལྟ་སྲུང་དང་གསར་སྐྱེས་ནི་གངས་རིའི་སྟེང་གི་ཞོགས་པའི་ཉི་གཞོན་དང་འདྲ་བར། སྐྱེ་སྟོབས་ཀྱིས་ཁེངས་ལ་གསོན་ཤུགས་ཀྱིས་བརྟས་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།