
མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་ཕྱོགས་ཀྱི་འཁྱགས་རོམ་དང་ལྟག་ཆུ་སྐྱིལ་གསོག་གི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ་དང་རྨ་ནུབ་དོག་ལམ་གྱི་སྐྱེ་ཁམས་བརྟན་ལྷིང་སྲུང་འཛིན། བྱང་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བཅས་བྱེད་པའི་རང་བྱུང་གི་འགོག་ར་གལ་ཆེན་ཞིག་ཀྱང་ཡིན།
བསྟུད་མར་ཉིན་འགའི་རིང་། གསར་འགོད་པ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་ཁོངས་ཀྱི་དོ་སྲུང་ས་ཚིགས་དང་སྡེ་བ། སྐྱེ་ཁམས་རྟེན་གཞི་བཅས་སུ་སོང་ནས་གནས་དེའི་སྐྱེ་ཁམས་སྲུང་སྐྱོབ་དང་རིན་ཐང་གཞན་སྒྱུར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཟིན་ཐོར་བཀོད་པ་དང་། སྔོ་ལྗང་གི་རི་ཀླུང་གསེར་རི་དངུལ་རིར་བསྒྱུར་བའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་ཉམས་སུ་མྱངས།
ལས་ཡུལ་དང་པོར་སྐྱེ་ཁམས་ལྟ་སྲུང་པ་ཆིག་སྟོང་ཉིས་བརྒྱ་རེ་ལྔ་ཡིས་སྐྱེ་ཁམས་ཀྱི་གཞི་རྩ་བརྟན་སྲུང་བྱེད་བཞིན་ཡོད།
སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་རེ་རེའི་སེམས་སུ་འཇགས་ཡོད་ལ། ཁོ་ཚོའི་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱིས་བརྟན་སྲུང་བྱེད་པའི་ཐོག་མའི་འགན་འཁྲི་རུ་གྱུར་ཡོད།
ད་ལྟ། ལས་ཡུལ་དང་པོ་རུ་ཡོད་པའི་སྐྱེ་ཁམས་ལྟ་སྲུང་པ་ཆིག་སྟོང་ཉིས་བརྒྱ་རེ་ལྔ་པོ་ཚང་མ་ནགས་རིའི་ཁྲོད་དུ་ཁྱབ་པའི་ལྗང་མདོག་གི་སྲུང་དམག་རེ་རེ་དང་འདྲ་བར་རི་ཀླུང་ཡོད་ཚད་གོམས་པས་འཇལ་བཞིན་ཡོད་ལ། དཀའ་སྡུག་གི་རྔུལ་ཆུར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལེའུ་འབད་པས་བྲིས་ཏེ་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཤིང་། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།
ཉིན་རྒྱུན་གྱི་བྱ་བའི་ཁྲོད་འཕྲད་པའི་དཀའ་ཚེགས་གླེང་སྐབས། ཉིའུ་བཀྲ་ཤིས་དབང་ཕྱུག་ལ་འཁང་ར་ཆེན་པོ་མེད་པར་ལོ་རེའི་ལོ་སར་གནམ་གང་གི་སྐབས་སུ་ལས་གནས་བརྟན་སྲུང་བྱས་པའི་སྐོར་ནས་འདི་ལྟར་བཤད་བྱུང་། ཁྱིམ་ཚང་གཞན་དག་གིས་ནང་མི་ལྷན་དུ་འཛོམས་ནས་ལོ་གསར་པར་བསུ་མ་བྱེད་པའི་སྐབས་སུ། ང་ཚོས་མེ་ཟོན་སྒྲིག་ཆས་དང་བྲོ་ཁུག་བཟུང་ནས་དུར་ས་དང་མཆོད་འབུལ་བྱེད་སར་སོང་སྟེ་མཚན་གང་བོར་ལས་གནས་བརྟན་སྲུང་བྱེད་དགོས། ཁོའི་སྐད་གདངས་ཧ་ཅང་བབ་ཆགས་ཤིག་ཡིན་མོད། འོན་ཀྱང་དེའི་ཁྲོད་དུ་སུས་ཀྱང་རྟོགས་དཀའ་བའི་དཀའ་སྡུག་སྦས་ཡོད།
རི་ཁུལ་དུ་འཚོ་སྡོད་བྱེད་པའི་ཡུལ་མི་ཚོར་ལོ་སར་གནམ་གང་ལ་མཆོད་འབུལ་བྱེད་པའི་སྲོལ་རྒྱུན་ཡོད་པ་དང་། ལོ་རེའི་ལོ་སར་གནམ་གང་ཐོན་མ་ཐག ནགས་ཁུལ་དུ་མེ་སྐྱོན་འབྱུང་སླ་བའི་དབང་གིས་ལྟ་སྲུང་པ་རྣམས་ཀྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ལས་འགན་བརྟན་སྲུང་བྱས་ཏེ་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པར་བྱས་རྗེས་ད་གཟོད་ཕྱིར་རང་ཁྱིམ་དུ་ལོག་ནས་ཁྱིམ་མི་དང་ལྷན་དུ་ལོ་སར་ལ་རོལ་དགོས། ཉིའུ་བཀྲ་ཤིས་དབང་ཕྱུག་གིས་བཤད་རྒྱུར། ང་ཚོའི་ལས་ཀ་འདི་དཀའ་ཚེགས་ཆེ་ནའང་། ནགས་ཚལ་ལོ་རེ་ནས་ལོ་རེར་ཇེ་སྟུག་ཏུ་འགྲོ་བ་དང་ཡུལ་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་བོར་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་བཞིན་པ་མཐོང་ཚེ། ཡོད་ཚད་ལ་རིན་ཐང་ལྡན་པར་འདོད་ཟེར།
དོ་སྲུང་ས་ཚིགས་ཀྱི་སྒོ་མདུན་གྱི་ཁ་བའི་སྟེང་དུ། ཁ་ཤྭའི་རྐང་རྗེས་ཡོད་པ་དེ་ནི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བའི་དཔང་བོ་གལ་ཆེན་ཞིག་རེད། འདི་ནི་ཁ་ཤྭའི་རྐང་རྗེས་རེད། ཉིན་རེའི་སྲ་སྲོད་ཀྱི་དུས་སུ་ཁ་ཤྭ་རྣམས་སྲུང་སྐྱོབ་ས་ཚིགས་འགྲམ་གྱི་ཆུ་ཁར་ཡོང་ནས་ཆུ་འཐུང་བ་ཡིན་ལ། སྙིང་སྟོབས་ཆེ་བའི་ཁ་ཤྭ་ལ་ལ་ད་རུང་སྡེ་བའི་ནང་གི་གང་སར་འཁྱམ་ནས་མི་ལ་ཅུང་ཙམ་ཡང་མི་སྐྲག་ཅེས་བཤད་ཞོར། ཉིའུ་བཀྲ་ཤིས་དབང་ཕྱུག་གིས་ལུས་པོ་སྒུར་ནས་ཁ་བའི་སྟེང་གི་རྐང་རྗེས་ལ་ཅེར་ནས་བསྡད་པ་དང་། མིག་མདངས་ཁྲོད་དགའ་སྤྲོ་དང་བདེ་སྐྱིད་ཀྱིས་ཁེངས་འདུག ཁོས་མུ་མཐུད་ནས་བཤད་རྒྱུར། ང་ཆུང་དུས་ནས་རི་ཁུལ་དུ་འཚར་ལོངས་བྱུང་བ་ཡིན། རྒན་རབས་པ་རྣམས་ཀྱིས་བཤད་པ་ལྟར་ན། སྔོན་ཆད་ནགས་ཁུལ་དུ་རྒྱུན་པར་ཤྭ་བ་སེར་ཆེན་དང་ཁ་ཤྭ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་མཐོང་རྒྱུ་ཡོད་ལ། རྗེས་ནས་སྐྱེ་ཁམས་ལ་གཏོར་བརླག་ལ་ཐེབས་པའི་དབང་གིས་དེ་ཚོའི་རྗེས་ཤུལ་རྙེད་དཀའ་བར་གྱུར་བ་རེད། ཡིན་ཡང་ད་ལྟ་སྔོན་ཆད་དང་མི་འདྲ། ང་ཚོ་སྐྱེ་ཁམས་ལྟ་སྲུང་པ་ཆིག་སྟོང་ཉིས་བརྒྱ་རེ་ལྔ་ཡིས་མཉམ་དུ་རི་བོར་སྲུང་སྐྱོབ་བྱས་པས། རྩྭ་སའི་སྐྱེ་སྟོབས་བཟང་བར་མ་ཟད། ཆུ་བོ་ཡང་ཇེ་དྭངས་ནས་ཇེ་དྭངས་སུ་འགྱུར་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱིམ་གཞིས་འདིར་ཕྱིར་ལོག་བཞིན་ཡོད་ཅེས་ཉིའུ་བཀྲ་ཤིས་དབང་ཕྱུག་གི་སྐད་ཆའི་ནང་དུ་སེམས་སྐྱོ་བའི་འདས་དོན་དང་མིག་སྔའི་ལས་གནས་བརྟན་སྲུང་བྱེད་པའི་ཡིད་ཆེས་ཀྱིས་ཁེངས་འདུག ཁོས་ཁོ་ཚོ་སྐྱེ་ཁམས་ལྟ་སྲུང་པ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་ཤྭ་བ་སེར་ཆེན་སོགས་རི་སྐྱེས་སྲོག་ཆགས་ཕྱིར་རང་གི་ཁྱིམ་གཞིས་སུ་ལོག་ཏུ་འཇུག་པ་དང་། དེ་ལས་ཀྱང་ཡུལ་མི་རྣམས་ཀྱིས་ནགས་ཚལ་འདིར་བརྟེན་ནས་ལྟོ་རྒྱབ་ལ་སེམས་ཁུར་བྱེད་མི་དགོས་པའི་འཚོ་བ་སྐྱིད་པོ་ཐུབ་པའི་རེ་བ་བཅངས་ཡོད།
སྐྱེ་ཁམས་ལྟ་སྲུང་པ་ཆིག་སྟོང་གཉིས་བརྒྱ་རེ་ལྔའི་ལས་གནས་བརྟན་སྲུང་གི་ཁྲོད་དུ་ནགས་ཚལ་གོམ་པས་གཞལ་བའི་སྙིང་སྟོབས་ཆེན་པོ་ཡོད་ལ། ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་ཡང་ཡོད།
དོ་སྲུང་ས་ཚིགས་སུ། གསར་འགོད་པས་མི་མེད་གནམ་གྲུ་འགའ་ཞིག་རི་ཁུལ་གྱི་མཁའ་དབྱིངས་སུ་འཕུར་ནས་རི་ཁུལ་ལ་སྐོར་ཞིབ་དང་སྲུང་སྐྱོབ་བྱེད་པའི་ལག་ཆ་གལ་ཆེན་ཏུ་གྱུར་ཡོད་པ་མཐོང་བྱུང་།
དོ་སྲུང་ས་ཚིགས་ཀྱི་འགོ་གཙོས་བཤད་རྒྱུར། རི་ཁུལ་གྱི་ས་བབ་མཐོ་ཞིང་རྙོག་འཛིང་ཡིན་ལ། ཐག་རིང་ལུང་ཁུག་གི་ས་ཁུལ་མང་ཆེ་བར་རླངས་འཁོར་འགྲོ་མི་ཐུབ་པར་མ་ཟད། མིའང་འགྲོ་དཀའ་བས། སྔོན་ཆད་ཉིན་གཅིག་གི་རིང་རྐང་ཐང་དུ་སྤྱི་ལེ་བཅུ་ཕྲག་འགར་སོང་ནས་རི་བོར་སྐོར་ཞིབ་བྱེད་དགོས། ཡིན་ཡང་ད་ལྟ་མི་མེད་གནམ་གྲུས་རོགས་འདེགས་ཡོད་པས། ཐག་རིང་ས་ཁུལ་གྱི་སྐོར་སྲུང་ལས་འགན་མགྱོགས་མྱུར་ངང་ཡོངས་འགྲུབ་བྱེད་ཐུབ་པར་མ་ཟད། དོ་སྲུང་གི་ཕན་འབྲས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད་ལ། ལྟ་སྲུང་པ་རྣམས་ཀྱིས་ཁུལ་ཁོངས་གཙོ་བོར་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་ཐུབ་པར་བྱས་ཡོད་ཟེར།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལས་ཡུལ་དང་པོའི་ལྟ་སྲུང་པ་རྣམས་ཀྱིས་ཉིན་མཚན་མེད་པར་སྲུང་སྐྱོབ་དང་ཚན་རྩལ་དོ་དམ་བྱེད་ཐབས་ཀྱི་ཤུགས་ཆེན་པོས་འདེགས་སྐྱོར་འོག མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད། ད་ལྟ། གནས་འདི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་གལ་ཆེན་དུ་གྱུར་ཡོད་ལ། དེ་ལས་ཀྱང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་བྱེད་པའི་རྟེན་ས་གཙོ་བོར་གྱུར་ནས་རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་བརྙན་ལེན། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་སོགས་ལས་རྣམ་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་འབྲུ་གུ་ཞང་སྟེ་གྱོ་སྡེ་བ་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་འདབས་འབྲེལ་དུ་ཡོད་པ་དང་། གནས་དེའི་ཡུལ་ལྗོངས་མཛེས་ཤིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས། ད་ལྟ། སྡེ་བ་དེ་མིང་གྲགས་མེད་པའི་ཐག་རིང་ལུང་ཁུག་གི་སྡེ་བ་ཆུང་ཆུང་ཞིག་ནས་རིམ་བཞིན་ཞིང་ཆེན་ནང་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་གྱི་གནས་གཙོ་བོ་ཞིག་ཏུ་གྱུར་འདུག སྡེ་མི་དབྱང་མགོན་པོ་དོན་གྲུབ་ཚང་གི་ཕྱུག་འགྱུར་གྱི་གཏམ་རྒྱུད་དེ་ནི་སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་དཔེ་གཞི་གསོན་པོ་ཞིག་རེད།
སྔོན་ཆད་ང་གནས་གཞན་དུ་ཞོར་ལས་ལ་སོང་ནས་ཡོང་སྒོ་བཙལ་བ་ཡིན། ལོ་གཅིག་རིང་སྒོར་དྲུག་སྟོང་ལྷག་གི་ཡོང་སྒོ་ལས་མེད་པས་འཚོ་བར་དཀའ་སྡུག་ཆེན་པོ་ཡོད། ཡིན་ཡང་། ད་ལྟ་སྐྱེ་ཁམས་ལ་བརྟེན་ནས་ཡོང་སྒོ་བཙལ་ཏེ་འཚོ་བ་ཇེ་བཟང་དུ་སོང་ཡོད་ཅེས་དབྱང་མགོན་པོ་དོན་གྲུབ་ཀྱིས་རང་ཁྱིམ་གྱི་རྒྱས་བསྐྲུན་བྱས་རྗེས་ཀྱི་ཞིང་བའི་སྤྲོ་སྐྱིད་ཁང་ལ་མཛུབ་མོས་བཙུགས་ནས་དེ་ལྟར་བཤད་ཞོར་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག ལོ་འགའི་སྔོན། ཕ་ཡུལ་གྱི་སྐྱེ་ཁམས་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས་དབྱང་མགོན་པོ་དོན་གྲུབ་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ་ཞིང་བའི་སྤྲོ་ཁྱིམ་ཁང་ཐོག་མའི་སྒོ་ཕྱེས་ཞིང་། ཁོ་ཚང་གི་རི་སྐྱེས་སྔོ་ཚལ་དག་ལ་ཡུལ་སྐོར་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
ཁེ་བཟང་རེག་པའི་དབྱང་མགོན་པོ་དོན་གྲུབ་དང་ཁྱིམ་མིས་སྡོད་ཁང་གི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་འགྲུལ་ཁང་ཐོག་མའི་ཁང་མིག་3ནས་5བར་རྒྱ་བསྐྱེད་པ་དང་། ལོ་རེའི་ཡོང་འབབ་ཀྱང་དེ་སྔའི་སྒོར6000ནས་སྒོར་ཁྲི་ལྔ་དྲུག་བར་འཕར་ནས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་འགྱུར་ལྡོག་རྦད་དེ་ཕྱིན་ཡོད། ཁོའི་སྣེ་ཁྲིད་འོག་སྡེ་བའི་ནང་གི་སྡེ་མི་དེ་བས་མང་པོ་ཞིག་གིས་ཞིང་བའི་སྤྲོ་ཁྱིམ་ཁང་ཕྱེས་ཏེ་མདོ་ལ་རིང་མོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་སྐྱེ་ཁམས་ལེགས་པོར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
སྡེ་མི་ཝང་ཀུའོ་ཀྲུང་གི་རྣམ་སྒྱུར་ནི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པའི་ཐད་ཀར་གྱི་མྱོང་ཚོར་ཡིན། ཁོ་རང་ཆུང་དུས་ནས་བྱ་རིགས་ལ་ལྟ་ཞིབ་བྱེད་རྒྱུར་དགའ་བ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་འདབ་ཆགས་ཀྱི་རིགས་དང་གྲངས་འབོར་ཡང་ཇེ་མང་ནས་ཇེ་མང་དུ་སོང་བས། ཁོ་ལ“འདབ་ཆགས་སྣེ་ཤན་པ”བྱེད་པའི་བསམ་ཚུལ་བྱུང་ནས་འདབ་ཆགས་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་རྣམས་ཆེད་དུ་སྣེ་ལེན་ཞུས་པ་རེད།
ལོ་རེའི་ཟླ11པ་ནས་ཕྱི་ལོའི་ཟླ4པའི་བར་རི་འགོའི་འདབ་ཆགས་རྣམས་བདེ་ཐང་ས་ཁུལ་དུ་འཕུར་ནས་ཁ་ཟས་འཚོལ་གྱིན་ཡོད། ཝང་ཀུའོ་ཀྲུང་ཆེས་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཡིན་པ་དང་། ཁྱིམ་གྱི་ཁང་པར་རྟག་ཏུ་མགྲོན་པོས་གང་ཡོད། ཝང་ཀུའོ་ཀྲུང་གིས “འདབ་ཆགས་སྣེ་ཤན་པའི”ལས་རིགས་འདིར་བརྟེན་ནས་སྒོར་ཆིག་འབུམ་ལྷག་བཙལ་ཡོད”ཟེར། ཕ་རབས་ཚོའི“རི་ཁའི་ལྟོ་རྟེན”ནི་རི་ནས་བུད་ཤིང་གཅོད་པ་དང་རི་དྭགས་རྔོན་ནས་ཤ་ཟ་རྒྱུ་དེ་ཡིན་མོད། ཁོའི“རི་ཁའི་ལྟོ་རྟེན”ནི་ཕ་ཡུལ་གྱི་སྔོ་ལྗང་རི་ཆུ་རྒྱུ་ནོར་དུ་བསྒྱུར་བ་དེ་རེད། ཁོས“སྡེ་བའི་དེ་ལས་མང་པོའི་གཞོན་ནུ་ཚོ‘འདབ་ཆགས་སྣེ་ཤན་པའི’གྲལ་དུ་ཞུགས་ནས་ང་ཚོའི་སྐྱེ་ཁམས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བའི་རེ་བ་བྱེད་ཀྱིན་ཡོད”ཟེར།
ལམ་སྲོལ་གྱིས་སྲུང་སྐྱེལ་བྱས་ཏེ་སྐྱེ་ཁམས་ཀྱི་ཁེ་ཕན་མཉམ་སྐྲུན་མཉམ་སྤྱོད་བྱས།
“རི་གཉིས”རྣམ་སྒྱུར་ནི་ཉིན་གཅིག་གི་བྱས་རྗེས་མིན། ལམ་སྲོལ་འཐུས་ཚང་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ་གཞི་ནས་སྐྱེ་ཁམས་ཀྱི་ཁེ་བཟང་གིས་རྒྱུན་མཐུད་ངང་མང་ཚོགས་ལ་ཕན་ཐོགས་ཐུབ།
ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། མཉམ་སྐྲུན་མཉམ་སྡོམ་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་གནད་འཁེལ་ཁྲིད་སྟོན་ལ་ཤུགས་སྣོན་པ། གཞིས་ཁུལ་མཐུན་སྦྱོར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རིན་ཐང་གཞན་སྒྱུར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། སྔོ་ལྗང་རི་ཀླུང་གི“སྐྱེ་ཁམས་རྩིས་ཐོ”དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“རྒྱུ་ནོར་རྩིས་ཐོར” འགྱུར་བར་བྱས།
ན་ནིང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་མཚོ་བྱང་ཁུལ་གྱི་སྲིད་གཞུང་གིས་མཉམ་སྐྲུན་མཉམ་སྡོམ་མཉམ་སྤྱོད་བཅས་ཀྱི་སྒྲོམ་གཞིའི་གྲོས་ཡིག་བཞག་ནས“རི་གཉིས”རྣམ་སྒྱུར་ཇེ་མགྱོགས་སུ་བཏང་ཡོད། གྲོས་ཡིག་འདིའི་ནང་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་ཟབ་སྤེལ་དང་། མདོ་ལ་རིང་མོའི་ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་ལ་དམིགས་ནས་སྐྱེ་ཁམས་ཐོན་ཁུངས་དེ་སྐྱེ་ཁམས་རྒྱུ་ནོར་དུ་ནུས་ཆེའི་ངང་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་ཅུང་ཆ་ཚང་བའི་དངོས་རིགས་སྲུང་སྐྱོབ་མ་ལག་དང་སྐྱེ་ཁམས་སློབ་གསོ་བྱེད་ནུས་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་སྒྱུར་ཆེད་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་དཔེ་སྟོན་འདོན་སྤྲོད་བྱས།
སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་ཆེད་མཚོ་སྔོན་ཡུག་ཁུལ་གྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཚན་རིག་དང་མཐུན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་དཔེ་རྣམ་བཏོད་དེ་སྐྱེ་ཁམས་ཀྱི་རིན་ཐང་ཚད་འབེབས་གནད་ལ་འཁེལ་བ་བྱས་ཡོད། དེ་དང་ཆབས་ཅིག་ཐོན་ལས་འཕེལ་རྒྱས་ཀྱི་བཀག་རྒྱའི་གསལ་ཐོ་ཁ་གསལ་བཟོས་ནས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་ལ་བརྩི་སྲུང་བྱེད་སའི་སྒྲིག་སྲོལ་ཡོད་པར་བྱས།
སྲིད་ཇུས་ཀྱི་ཁེ་འབབ་རྒྱུན་མཐུད་གློད་བཀྲོལ་བཏང་བ་དང་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དབྱར་མཚོ་རྒྱས་པ་ལྟར་དར་བ་ནི“རི་གཉིས”རྣམ་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་སྐྱེ་ཁམས་ཀྱི་རིན་ཐང་གིས་མང་ཚོགས་ལ་ཕན་པ་དེ་བས་ལེགས་པོ་ཐོབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།
ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་རྟེན་གཞི་རུ། ཀན་སུའུ་འབྲོང་ཡུལ་ནས་ཡོང་བའི་ལི་ཧྲན་ཁྱིམ་མི་གང་བོས་གནའ་བ་ཆུང་ཆུང་གཉིས་བསྐོར་ནས་ཞི་འཇམ་ངང་འབྲེལ་འདྲིས་བྱེད་བཞིན་ཡོད། རྟེན་གཞིའི་ལས་སྒྲུབ་མི་སྣ་ཞུས་ཧྥེང་དབྱི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་རྒྱལ་ནང་གི་རྒྱལ་ཁབ་སྤྱི་གླིང་ནང་བསྐྲུན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་རྟེན་གཞི་ཁོ་ན་ཡིན་པའི་ཆ་ནས་འདི་རུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཕྱིར་གཏོང་ལྟ་ཞིབ་ཚད་ལེན་སོགས་ལྟེ་བའི་འགན་ནུས་ཁུར་ཡོད་པ་མ་ཟད། ལྷག་ཏུ་རང་བྱུང་སློབ་གསོ་སྤེལ་བའི་གནས་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཞུས་ཧྥུང་དབྱི་ཡིས“ང་ཚོས་ཆེད་ལས་ཀྱི་འགྲེལ་བཤད་པ་བཀོད་སྒྲིག་བྱས་པ་དང་། དབྱིངས་ཞུགས་རྣམ་པས་འགྲེལ་བཤད་རྒྱག་པ། ཐག་ཉེ་སར་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་སྐོར་དུ་ཡོང་མཁན་སློབ་གྲྭ་འབྲིང་ཆུང་གི་སློབ་མས་གསའ་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་བདེ་ཐང་སླར་གསོའི་བརྒྱུད་རིམ་དངོས་སུ་མཐོང་བ་དང་མཐོ་སྒང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཤེས་བྱ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་སེམས་ནང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ས་བོན་བཏབ་ཡོད”ཟེར།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་མཚོ་སྔོན་ཡུག་ཁུལ་གྱིས་ཚད་གཞི་མཐོན་པོས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དང་། ཡུན་རིང་ཚན་རིག་ཞིབ་འཇུག་རྟེན་གཞི། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་རྟེན་གཞི་སོགས་སྤུས་ལེགས་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་རྟེན་གཞི་ཁག་ཅིག་བཏོད་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་རྟེན་གཞི”དང“རྒྱལ་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི་ལག་ལེན་སློབ་ཁྲིད་རྟེན་གཞི”སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་མཚན་སྙན10ལྷག་གི་སྒོ་བྱང་བཀལ་ནས། སྐྱེ་ཁམས་ཀྱི་འདུ་ཤེས་ཁྱབ་སྤེལ་དང་སྐྱེ་ཁམས་ཀྱི་རིན་ཐང་འདོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་གྲངས་ཀྱིས་ཕན་འབྲས་བདེན་དཔང་བྱས། 2025ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་རང་བྱུང་སློབ་གསོ་ས་ཚིགས་སོ་སོར་རིམ་རྩིས་བྱས་ན་འགྲེལ་བཤད་ཐེངས2596བྱས་པ་དང་། ལྟ་སྐོར་བ་མི་ཐེངས་ཆིག་འབུམ་བཞི་ཁྲི་ལྔ་སྟོང་སྣེ་ལེན་ཞུས་ཤིང་ལྟ་སྐོར་ཚོགས་པ2824ལ་སྣེ་ལེན་ཞུས་ནས་སྐྱེ་ཁམས་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གཉིས་ནུས་སྤྲོད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ལས་སྒྲུབ་མི་སྣས “མ་འོངས་པར་ང་ཚོས་མུ་མཐུད་དུ་མདོ་ལ་རིང་མོའི་སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་ཡག་པོ་བྱས་ནས‘རི་གཉིས’རྣམ་སྒྱུར་གྱི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ་སྔར་ལས་མང་པོ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། མཉམ་སྐྲུན་མཉམ་སྡོམ་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་ཆུ་ཚད་སྔར་ལས་མཐོ་བའི་གཉིས་རྒྱལ་མངོན་འགྱུར་ཡོང་བ་དང་། མང་ཚོགས་དེ་ལས་མང་པོར་སྐྱེ་ཁམས་སྲུང་སྐྱོབ་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན”ཟེར།
ད་ལྟའི་མདོ་ལ་རིང་མོའི་རི་ཀླུང་སྔོ་ལྗང་དུ་གྱུར་བ་དང་། སྐྱེ་རྒུ་གསོན་ཉམས་ཀྱིས་བརྟས། རྩྭ་ཐང་དཔྱིད་དཔལ་གྱིས་བརྒྱན་ཡོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མཐོ་སྒང་གི་གཏིང་རུམ་དུ་རིམ་བཞིན་བཀྲམ་ནས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕྱུག་གི་ལེའུ་གསར་པ་ཞིག་མུ་མཐུད་དུ་འབྲི་བཞིན་ཡོད།
ལྷ་མོ་ཚེ་རིང་དང་མཚོ་མོ་སྐྱིད་ཀྱིས་བསྒྱུར།