
“མི་འགྱངས་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ཏེ་འཕུར་འོང་བས། ང་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ནས། ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས།” ཉེ་ལམ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་རོང་བོ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་དང་ཁོའི་ལས་གྲོགས་ཚོ་མཉམ་དུ་བསྡད་ནས་གྲོས་བསྡུས་བྱེད་བཞིན་འདུག་ལ། དུས་བསྡུན་བྱ་རིགས་གནས་སྤོ་བྱེད་པ་ཆེས་མང་བའི་དུས་སྐབས་ལ་གྲ་སྒྲིག་བྱེད་བཞིན་འདུག
བཅར་འདྲིའི་ཚན་ཆུང་ཐོན་ཡོད་པ་མཐོང་རྗེས། པ་སངས་ཚེ་རིང་གིས་ལག་ཏུ་ཡོད་པའི་སྐོར་ཞིབ་སྲུང་སྐྱོབ་དཔེ་རིས་ཐང་ལ་བཞག་སྟེ། སྤྲོ་སེམས་འཁོལ་བའི་ངང་ལམ་སྣ་དྲངས། “དེ་རིང་ཁ་བ་འབབ་བཞིན་པས། བྱེའུ་ཚང་མ་ཡང་གང་སར་སྐོང་ཡོད་པས། ནམ་རྒྱུན་ལས་གྲངས་ཀ་ཉུང་བར་གྱུར་འདུག འོན་ཀྱང་ཁྲུང་ཁྲུང་སྐེ་ནག་བསྟུན་མུར་ཐོན་ཡོད་པས། ཚང་མས་མཐོ་སྒང་གི་གཅེས་ནོར་ཀྱི་ངོ་མཚར་བའི་རྣམ་པ་མཐོང་ཐུབ་པ་ཐག་ཆོད་ཡིན”ཟེར།
རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱི་ཁོངས་སུ་ཡོད། མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་ཁུལ་དང་པོ་ཡིན་པའི་ཆ་ནས། རོང་བོ་ནི་ཡ་གླིང་དབུས་རྒྱུད་དུ་གནས་བར་མ་ཟད། རྒྱ་གར་གྱི་དུས་བསྟུན་བྱ་རིགས་གནས་སྤོའི་ལམ་ཐིག་གི་འགག་རྩའི་ས་ཚིགས་ཤིག་ཀྱང་ཡིན། དེ་བས་ཀྱང་གོ་ལ་ཧྲིལ་བོའི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་བྱེད་ཡུལ་དང་འཚོ་སྡོད་བྱེད་ཡུལ་གལ་ཆེན་ཞིག་ཡིན། ཁྱད་ཆོས་ལྡན་པའི་མཐོ་སྒང་གི་བརླས་སའི་ཁོར་ཡུག་ལ་བརྟེན་ནས། གནས་འདིར“ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ”དུ་འབོད།
དོ་དམ་ས་ཚིགས་ནང་དུ་རབ་བྱུང་སྐྱེ་ཁམས་ཚན་རིག་ཁྱབ་རྡལ་མཁན་པ་སངས་ཚེ་རིང་གིས་འགྲེམ་པང་སྟེང་གི་བྱ་རིགས་ཀྱི་པར་རིས་སྟོན་ཞོར་སེམས་ཞིབ་མོས་ལྟ་ཞིབ་ལག་རྩལ་ལ་སྒྲོག་འགྲེལ་བྱས། “ཁྲུང་ཁྲུང་སྐེ་ནག་ལ་གསལ་ཆ་ཡོད་དགོས་ན། ཐོག་མར་ཁོ་དང་རིགས་རྒྱུད་གཅིག་པའི་ཁྲུང་ཁྲུང་སྐེ་དམར་གཉིས་ཀྱི་དབྱེ་བ་འབྱེད་ཤེས་དགོས། བྱེད་ཐབས་ཆེས་ལེགས་པ་ནི་ཐད་ཀར་སྐེ་ལ་བལྟ་རྒྱུ་དེ་ཡིན། ཁྲུང་ཁྲུང་སྐེ་ནག་ནི་སྐེ་ཡི་གསུམ་ཆའི་གཉིས་ནག་པོ་ཡིན་ལ། ཁྲུང་ཁྲུང་སྐེ་དམར་ནི་དེ་ལས་ལྡོག་སྟེ། སྐེ་ཡི་མདོག་ནག་ཐིག་ཁ་ཤད་ཡོད་པ་ལས་ཕལ་ཆེ་བ་མདོག་དཀར་པོ་ཡིན།”
དེའི་རྗེས་སུ། མི་རྣམས་ལྟ་ཞིབ་སྟེགས་བུའི་ཉིས་ཐོག་ཏུ་སོང་། ཚད་མཐོའི་རྒྱང་མཐོང་ལས་བྱ་གེག་དམར་སེར་དང་བྱ་ལོང་ལྟག་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་གང་སར་ཡོད་པ་དང་གསོན་ཤུགས་ཀྱིས་ཁེངས་པ་མཐོང་ཐུབ། “ས་ཚིགས་འདི་ཐོག་མར་བཙུགས་པའི་སྐབས་སུ། ཁྲུང་ཁྲུང་སྐེ་ནག22ལས་མེད་མོད། དེང་སྐབས་གཏན་འཇགས་ཀྱི་གནས་སྤོར་བྱ་རིགས170ནས་180ཙམ་ཡོད།”པ་སངས་ཚེ་རིང་གིས་སྒེའུ་ཁུང་ནས་ཕྱི་རོལ་ལ་བལྟ་བཞིན་དེ་ལྟ་བཤད།
1997ལོར་སློབ་ཆེན་མཐར་ཕྱིན་རྗེས། པ་སངས་ཚེ་རིང་གིས་མཐོ་སྒང་དུ་རྐང་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོལ། 2012ལོར། ཁོ་རང་རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཐོན་པ་དང་། དེ་ནས་བཟུང་བརླན་ས་འདི་དང་མཐོ་སྒང་གི་བྱ་ཁྱུ་ཚོགས་འདིའི་ལས་དབང་ཁོ་དང་དམ་དུ་འབྲེལ།
ཐེངས་དང་པོར་སྲུང་སྐྱོབ་ཁུལ་ལ་ཐོན་པའི་སྐབས་ཀྱི་འཚོ་བར་ཕྱིར་དྲན་བྱེད་སྐབས། ཁོའི་སྐད་གདངས་ལས་སྐབས་དེའི་དཀའ་ཁག་ཚོར་ཐུབ། “སྐབས་དེའི་ཆ་རྐྱེན་ཧ་ཅང་ཞན་ལ། དམག་སྤྱོད་རྒྱང་ཤེལ་རྙིང་བ་གཅིག་ལས་མེད། སྐོར་ཞིབ་སྲུང་སྐྱོབ་བྱེད་པར་རྐང་པ་གཉིས་ལ་བརྟེན་པ་ལས་ཐབས་གཞན་མེད། དགུན་ཁར་ཁ་བ་མཐུན་པོ་བབས་ཚེ། བྱ་རིགས་ལ་ལྟ་ཞིབ་བྱེད་རྒྱུ་ཕར་ཞོག ཕྱི་རུ་འགྲོ་རྒྱུའང་ཧ་ཅང་དཀའ། ”ཟེར། དེང་དུས་ཀྱི་རོང་བོ་དེ་དུས་དང་བསྡུར་ཐབས་མེད་པ་དང་། སྲུང་སྐྱོབ་ཁུལ་ལ་ཁྱོན་ཡོངས་ནས་བརྙན་མིག་ལྟ་ཞིབ་ཀྱིས་ཁེངས་ཡོད་ལ། ད་དུང་རང་བྱུང་སློབ་གསོའི་ཁྱབ་གདལ་ཁང་དང་བྱ་རིགས་ལྟ་ཞིབ་ཁང་། བྱ་རིགས་སྲུང་སྐྱོབ་ཁང་ཆེད་མཁས་པའི་འཁོར་སྐྱོད་ཁང་བཅས་བཙུགས་ཡོད་ལ། ཆ་ཚང་བའི་སྲུང་སྐྱོབ་མ་ལག་ཞིག་རིམ་བཞིན་གྲུབ་ཡོད།
མཁྲེགས་ལྷུ་སྒྲིག་ཆས་རིམ་འཕར་བརྗེ་བསྒྱུར་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་ལ་སྲ་བརྟན་གྱི་རྨང་གཞི་གདིང་ཡོད། འོན་ཀྱང་ཁྲུང་ཁྲུང་སྐེ་ནག་གི་བྱ་ཁྱུ་སྟེ“བྱ་ཚོགས་ཀྱི་དོམ་ཁྲ”འདི་དག་དུས་ལྟར་ཕྱིར་འོང་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི། ས་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱས་པས་ཡིན།
ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲོད། རོང་བོ་ཡིས་ཐོག་མར་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ལམ་ལུགས་ལག་བསྟར་བྱས། སྲུང་སྐྱོབ་ས་ཁུལ་གྱིས་རོང་བོ་མཚེའི་ཉེ་འགྲམ་གྱི་རྩྭ་ཐང་དང་སྐྱེ་དངོས་ལྟ་ཞིབ་ཁོང་གཏོགས་ཀྱི་འབྲོག་ཁྱིམ་ཁྲོད་ནས་བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་མི་བཅུ་བདམས་པ་དང་། ཁོ་ཚོས་འཛིན་ཡིག་བཏགས་ལས་ཞུགས་བྱས་ཡོད་ལ། ཟླ་རེར་ཟླ་ཕོག་སྒོར་ཆིག་སྟོང་བརྒྱད་བརྒྱ་ཡོད། ཁོ་ཚོ་ནི་བརླན་ས་འདིར་སྲུང་སྐྱོབ་བྱེད་པའི་སོ་སྲུང་བ་ཡོད།
རོང་བོ་གྲོང་རྡལ་མཚོ་བཟང་སྡེ་བའི་ཚེ་ཚེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཁོས་གནས་འདིའི་འགྱུར་ལྡོག་དངོས་སུ་མཐོང་ཡོད།
“ང་ཆུང་དུས་ནས་རྩྭ་ཐང་འདིར་ནར་སོན་པ་ཡིན་ལ། སྐབས་དེར་ཁྲུང་ཁྲུང་སྐེ་ནག་ཕར་ཞོག ཐ་ན་སྤྱིར་བཏང་གི་བྱ་ཞིག་ཀྱང་མཐོང་དཀའ།”ཚེ་ཚེ་དགོད་ཞོར་དུ་བཤད་རྒྱུར། “ལོ་འདི་དག་གི་རིང་སྲུང་སྐྱོབ་ནུས་པ་ཆེས་ཆེར་བྱིན་པས། བརླན་སའི་རྒྱ་ཁྱོན་ཀྱང་ཆེ་རུ་བྱིན་ཡོད་ལ། རྩྭ་ཆུ་གཉིས་འཛོམས་དང་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག ད་སྐབས་ངས་ཀྱང་ཉིན་རེར་སྐོར་ཞིབ་སྲུང་སྐྱོབ་དང་བྱ་རིགས་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ད་དུང་རྨས་ཕོག་པའི་བྱེའུ་ཡང་མང་པོ་བསྐྱབས་མྱོང་། ས་གནས་ཀྱི་མི་ཞིག་ཡིན་པའི་ངོས་ནས། ཕ་ཡུལ་འཕེལ་རྒྱས་སུ་འགྲོ་བཞིན་པ་མཐོང་སྐབས། ནང་སེམས་ནས་སྤྲོ་བ་འཕེལ་བ་ཞིག་རེད།” ཟེར།
པ་སངས་ཚེ་རིང་གིས་ངོ་སྤྲོད་བྱེད་རྒྱུར། དེང་སྐབས་ཀྱི་རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ“སྲུང་སྐྱོབ་ས་ཁུལ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ། དང་བླངས་པ། སྡེ་བ་རིམ་པའི་སྐྱེ་ཁམས་སྤྱི་ཕན་སྐོར་ཞིབ་རུ་ཁག”བཅས་ཀྱི་མཉམ་འགུལ་སྲུང་སྐྱོབ་རྣམ་པ་བསྐྲུན་ཏེ། ཕྱོགས་མང་བོ་ནས་མཐུན་སྦྱོར་སྒོས་ནུས་ཤུགས་བཏོན་ནས། སྐོར་ཞིབ་སྲུང་སྐྱོབ་དང་ལྟ་ཞིབ་ལ་ཕྱོགས་ཡོངས་ལ་ཁེབས་པར་བྱས་ཡོད།
དེ་དང་མཉམ་དུ། སྲུང་སྐྱོབ་ས་ཁུལ་དུ་ཚན་རིག་ལྟ་ཞིབ་ཚོད་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་སྤྱི་སྟེགས་བསྐྲུན་ནས། ཆེད་ལས་ཚན་ཞིབ་རུ་ཁག་དང་ཡུན་རིང་མཉམ་ལས་བྱས་ཏེ། དུས་ངེས་གཏན་ནང་སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་ཞིབ་དང་། རིགས་ཁྱུའི་འགུལ་རྣམ་ལ་གནད་ཁེལ་ངང་ཁོང་དུ་ཆུད་པར་བྱས། རང་བྱུང་ཚན་རིག་ཁྱབ་བརྡལ་སློབ་གསོ་སྤེལ་བ་ལ་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མིའི་སེམས་སུ་ཟུག་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད།
སྡོམ་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འདི་འགར། རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟན་ཐོག་ཡར་འཕེལ་བྱུང་ཡོད། དེའི་ཁྲོད། བྱ་རིགས་ཐོན་ཁུངས་ཀྱི་གྲངས་འབོར་ལོ་རེར་འཕར་སྣོན་བྱུང་ཡོད་ལ། ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུ་འཛམ་གླིང་གི་བརྒྱ་ཆའི1.3བརྒལ་ཡོད་པ་དང་། བྱ་ལོང་ལྟག་ཁྲའི་རིགས་ཁྱུ་འཛམ་གླིང་གི་བརྒྱ་ཆའི9.4བརྒལ་ཡོད། དེ་གཉིས་ལ་འཛམ་གླིང་རང་བཞིན་གྱི་སྲུང་སྐྱོབ་རིན་ཐང་གལ་ཆེན་ལྡན།
རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་འགྱུར་ལྡོག་ནི། ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱས་པའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན།
ཉེ་བའི་ལོ་འདི་འགར། ཡུས་ཧྲུའུ་ཁུལ་གྱིས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལ་དམ་པོར་དམིགས་ཏེ། རྒྱུན་མཐུད་ངང་སྐྱེ་ཁམས་ཁོར་ཡུག་ལམ་ལུགས་འཛུགས་པ་འཐུས་ཚང་དུ་གཏོང་བ་དང་། སྔ་རྗེས་སུ《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རི་སྐྱེ་སྲོག་ཆགས་སྲོང་སྐྱོབ་སྲོལ་ཡིག》དང《ཡུས་ཧྲུའུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས》སོགས་སྲོལ་ཡིག་དང་བྱེད་ཐབས་གཏན་འབེབས་བྱས་ཡོད། དེ་དང་མཉམ་དུ། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་ལྟ་ཞིབ་སྤྱི་སྟེགས་གསར་འཛུགས་དང་འཐུས་ཚང་དང་། ཡུས་ཧྲུའུ“རྨ་འབྲིའི་འབྱུང་ཁུངས”ཀྱི་རྒྱང་རིང་ལྟ་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། ས་ཁུལ་གཙོ་བོའི་སྐྱེ་ཁམས་ཀྱི་རིགས་དང་རང་བྱུང་ཡུལ་ལྗོངས། རི་སྐྱེས་སྲོག་ཆགས་སོགས་ལ“རྒྱང་ཐག་རིང་བ་དང་ཁྱབ་ཁོངས་ཆེ་བ། ཕྱོགས་ཡོངས”བཅས་ཀྱིས་ལྟ་ཞིབ་གསལ་བོ་བྱེད་ཐུབ།
ཡུས་ཧྲུའུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཀྲུའུ་ཧོང་ཡིན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ངེས་གནས་གཙོ་བོར་རྐང་བཙུགས་ཏེ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁྲོམས་སྲོལ་ཁྲིམས་འཛུགས་ཀྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་བ་དང་། ནུས་ཤུགས་ཡོད་རྒུས་ཡུས་ཧྲུའུ་ཡི་འཕེལ་རྒྱས་དངོས་ཡོད་དང་མཐུན་ཞིང་། གཙང་བོའི་འབྱུང་ཡུལ་གྱི་ས་ཁོངས་ཁྱད་ཆོས་མངོན་པའི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་རྒྱུ་ཡིན། དེ་དང་མཉམ་དུ། སྦྲེལ་ཐག་ཧྲིལ་བོ་དང་གདུབ་སུམ་རྣམ་པའི་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་གཏན་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུན་མཐུད་ངང་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ལྟ་སྐུལ་བྱེད་པ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ར་ཏན་ཏིག་གིས་བརྟན་པོར་བསྐྲུན་པ་དང་། གཙང་བོའི་འབྱུང་ཡུལ་གྱི་སྐྱེ་དངོས་དང་སྲོག་ཆགས་ལ་བརྩེ་བ་ཟབ་མོས་སྲུང་སྐྱོང་བྱས་ཏེ། དུས་རབས་གསར་བའི་དམངས་ཆེན་ཁག་ཁུར་གྱིས“ཀྲུང་ཧྭའི་ཆུ་མཛོད”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ཡིན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།