
“མཐོ་སྒང་གི་གཅེས་ནོར”ཞེས་འབོད་པའི་རི་དྭགས་གཙོད་ནི་མ་གཞི་ནས་མཚོ་བོད་མཐོ་སྒང་དུ་འཚོ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ལ། དུས་ཡུན་རིང་པོའི་འཕེལ་འགྱུར་གྱིས་དེ་ཚོར་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པའི་མཐོ་སྒང་དུ་འཚོ་ཐུབ་པའི་ལུས་སྟོབས་རྒྱས་སུ་བཅུག་ཅིང་། རྣམ་རིག་རྒོད་པར་གྱུར།
ཨ་ཆེན་གངས་རྒྱབ་དང་བསོད་ནམས་སྟོབས་རྒྱལ་གྱི་མཛད་རྗེས་ཆེས་ཐོག་མར་སྒྲོག་སྤེལ་བྱེད་མཁན་ནི་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཐོ་རིམ་གསར་འགོད་པའམ་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་འཐོབ་མཁན་ཀུའུ་ཡའེ(ཧུའུ་ཡུང་ཁོ)ཡིན་ལ། ཁོའི་བརྩམས་ཆོས《རྗེ་བཟང་བསོད་ནམས་དར་རྒྱས》ཞེས་པའི་ནང་འདི་ལྟར་འཁོད་ཡོད་དེ། “ངས་རི་དྭགས་གཙོད་ཀྱིས་དགའ་བའི་མཆོང་རྩལ་ངོམ་བཞིན་པ་མཐོང་བ་ཐེངས་གཅིག་མིན། དེ་ནི་ཇི་འདྲའི་ཡི་གར་འོང་བ་ཞིག་རེད། དེ་ཚོ་རྒྱུག་བཞིན་པ་དང་མི་འདྲ་བར་རི་ཐང་དུ་འཕུར་བཞིན་པ་དང་འདྲ། བདེ་མྱུར་འཁྱུག་པའི་རྨིག་བཞིས་ས་གཞི་རྡུང་དུས། ལུས་པོའི་ལྡེམ་མྱུར་ནི་གླག་རྒོད་ཀྱིས་གནམ་འཕང་གཅོད་པ་དང་མཚུངས།”
བྱང་ཐང་སྐྱ་མོ་དེ་རུ། རི་དྭགས་གཙོད་ཀྱི་ཁྱིམ་མཚེས་ནི་འབྲོང་དང་རྐྱང་། དགོ་བ། དྲེད་མོང་། དེ་མིན་སྤྱང་ཀི་སོགས་ཡིན་ལ། དབྱར་ཁར་འདབ་ཆགས་ཁ་ཤས་ཀྱིས་ཀྱང་གནས་དེར་གཤོག་རྩལ་ངོམ། སྲོག་ཆགས་ཀྱི་ཁྱུ་ཚོགས་དེ་འདྲ་ཞིག་ཨ་ཆེན་གངས་རྒྱབ་ཏུ་འཚོ་བ་ལ། གལ་ཏེ་མིའི་རིགས་ཀྱི་བར་ཆད་མེད་ཚེ། ཡུལ་དེའི་རི་སྐྱེས་རིགས་ཁྱུའི་གྲངས་འབོར་ཆེས་ཇེ་མང་དུ་འགྲོ་ཁོ་ཐག་ཡིན།
དེ་ཚོའི་ལུས་ཀྱི་པགས་པ་དང་ཁུ་ལུ་ཡིས་མཐོ་སྒང་གི་གྲང་ངར་འགོག་ཐུབ་པས་གསེར་ལས་ཀྱང་རིན་གོང་ཆེ་ལ། དེ་དག་གིས་རང་ཉིད་ཀྱི་ཚེ་སྲོག་གི་གཤེད་མ་སླེབས་པ་སུ་ཡིས་ཡིད་ལ་དྲན།
《བླ་ཤིང》ཞེས་པའི་མུ་འབྲེལ་བརྙན་འཕྲིན་གྱིས་ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་ལྐོག་རྔོན་བྱེད་པར་ངོ་རྒོལ་བྱས་ཏེ་གཙོད་སྲུང་བའི་གཏམ་རྒྱུད་དེ་མ་དཔེ་བྱས་ཡོད་པས། མགོ་རྩོམ་སྐབས་ལྟ་མཁན་ཁྲི་སྟོང་མང་པོར་སྲོག་ལྡན་འཚོ་གནས་དཀའ་བའི་ཡུལ་གྲུ་དེའི་རྔམ་བརྗིད་ཀྱི་རྣམ་པ་མཐོང་དུ་བཅུག་ལ། དེ་རུ་འཚོ་བའི་སྲོག་ཆགས་ལ་འཕྲད་པའི་ཉམས་ཟད་ཡང་ཚོར་དུ་བཅུག་བྱུང་།
བརྙན་འཕྲིན་ཟློས་གར་ནང་གི་བོད་ལ་མོ་ལམ་ནི། དོན་དངོས་འཚོ་བའི་ཁྲོད་ཀྱི་ཨ་ཆེན་གངས་རྒྱབ་ཡིན་ལ། སྐབས་ཤིག་ལ་གནས་དེར་སྨྱོ་ཧམ་གྱི་མེ་ལྕེ་འབར་བའི་གསེར་རྐོ་མཁན་འབོར་ཆེན་ཐོན་བྱུང་། དེ་ནི་ཡུལ་དེ་རུ་གསེར་གྱི་ཐོན་ཁུངས་མོད་ཅིང་གཞན་ད་དུང་གཙོད་ཡོད་པས་རེད།
གཙོད་ལྤགས་གཅིག་གི་རིན་ཐང་ག་ཚོད་ཡིན་ཞེ་ན། དེ་རྒྱས་སྤྲོས་བྱེད་ན་སྟོད་ལྭ་ཞིག་དང་བསྡོངས་ནས་འཆད་དགོས།
སྟོད་ལྭ་དེ་ཡི་བཟོ་བཅོས་རྒྱུ་ཆ་ནི་གཙོད་ཁུལ་ཡིན་ལ། སྟོད་ལྭ་དག་མ་གཅིག་ལ། གཙོད3ནས5བར་གྱི་ཁུ་ལུ་དགོས།
བརྙན་འཕྲིན་ནང་དུ་ཁྲིམས་མཐུན་མིན་པའི་ཚོང་རར་གཙོད་ལྤགས་གཅིག་ལ་ཨ་སྒོར80བྱས་ནས་འཚོང་བཞིན་ཡོད་པ་དང་། མི་དམངས་ཤོག་སྒོར་དུ་བཀུགས་ན་སྒོར600རེད། དོན་དངོས་ཀྱི་འཚོ་བའི་ཁྲོད། མིང་དུ་གྲགས་པའི་རི་སྐྱེས་སྲོག་ཆགས་རིག་པའི་འབུམ་རམས་པ་ཆོ་ཀྲི·ཞ་ལོའི་ཟིན་བྲིས་སུ་བཀོད་པ་ལྟར་ན། 1995ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་བསྡུ་ཉོའི་རིན་གོང་ཨ་སྒོར35ནས50བར་ཡིན་ཞིང་།1999ལོར་སླེབས་དུས། གཙོད་ལྤགས་ཀྱི་རིན་གོང་ཨ་སྒོར70ལ་འཕར།
བརྙན་འཕྲིན་ཟློས་གར་གྱིས་དུས་རབས་སྔོན་མའི་ལོ་རབས90པའི་དཀྱིལ་གྱི་གནས་ཚུལ་འཁྲབ་ཡོད་པ་དང་། སྐབས་དེར་མཚོ་སྔོན་གྱི་མཁར་གྲོང་ལས་བཟོ་པའི་ཟླ་ཕོགས་ཕལ་ཆེར་སྒོར100ནས་སྒོར300བར་རེད། གཙོད་ལྤགས་གཅིག་གི་རིན་གོང་ནི་ལས་བཟོ་པ་ཞིག་གི་ཟླ་གཉིས་ཀྱི་ཟླ་ཕོགས་དང་མཉམ་པས། ཁེ་ཕན་དེའི་བསླུ་བྲིད་ཟློག་མ་ཐུབ་པས་སྲོག་ལྡན་འགུལ་སྐྱོད་ཀྱི་བཀག་སྡོམ་ས་ཁུལ་ཡིན་ནའང་། ལྐོག་རྔོན་པའི་གོམ་མཚམས་འཇོག་ཏུ་འཇུག་མ་ཐུབ་པར། མཚོ་འཕགས་སྨི4600ལས་བརྒལ་བའི་ཨ་ཆེན་གངས་རྒྱབ་ཏུ་ལྐོག་རྔོན་པའི་བོའུ་སྐད་བར་མེད་དུ་མཆེད་འོང་།
1998ལོའི་ཟླ12པར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གསལ་བསྒྲགས་བྱས་པའི་གཞི་གྲངས་ཤིག་གི་ཁྲོད། རྩིས་ལེན་བྱས་པའི་པགས་པ་དང་། ཁུ་ལུ་དང་བྱང་ཐང་དུ་དོར་བའི་བེམ་པོ་ལ་དབྱེ་ཞིབ་བྱས་པ་ལྟར་ན། ཕལ་ཆེར་ལོ་རེར་གཙོད་ཁྲི2ལ་ཉེ་བ་ཞིག་ལྐོག་གསོད་བྱེད་བཞིན་ཡོད།རགས་རྩིས་འདི་ལྟར་ན།1990ནས1998ལོའི་བར།ཧ་ལམ་གཙོད་ཁྲི18ལྐོག་རྔོན་པའི་བོའུ་ཁ་ནས་ཤི་བ་རེད།
དུས་རབས20པའི་ལོ་རབས80ཡི་མཇུག་ནས་བཟུང་། ཨ་ཆེན་གངས་རྒྱབ་ཏུ་འཚོ་བའི་གཙོད་ཀྱི་གྲངས་འབོར་ཁྲི20ནས་གློ་བུར་དུ་མར་ཆག་སྟེ་ཁྲི2ལ་མི་ལོངས་པར་གྱུར།
བརྙན་འཕྲིན་ཟློས་གར་ཁྲོད་པགས་པ་བཤུས་པའི་གཙོད་བརྒྱ་ཕྲག་མང་པོའི་བེམ་པོ་བྱང་ཐང་སྐྱ་མོ་དེ་རུ་སྐྱ་ལེབ་སེ་བསྐྱུར་བ་དང་། རྒྱ་ཆེ་བའི་མཐོ་སྒང་གི་ས་གཞི་དམར་པོ་ཁྲག་གིས་སྦགས་པའི་རྣམ་པ་དེས་ལྟ་མཁན་ཁྲི་སྟོང་མང་པོའི་ལུས་སེམས་འདར་ཞིང་གཡོ་བར་བྱེད།
ཐོག་དང་པོར་མི་རྣམས་ཧ་ལས་ཤིང་ཧང་སངས་སུ་བཅུག་པའི་བརྙན་རིས་ནི་བརྙན་འཕྲིན་ཟློས་གར་ནང་གི་རྡོ་རྗེ་ཡི་ཟུར་ལྟའི་མ་དཔེ་རྗེ་བཟང་བསོད་ནམས་སྟོབས་རྒྱལ་རེད།
བསོད་ནམས་སྟོབས་རྒྱལ་གྱིས་སྲོག་ལྡན་འགུལ་སྐྱོད་བཀག་སྡོམ་ཁུལ་དང་བར་ཐག་ཉེ་བའི་ཁོ་ཚོར་འགན་འཁྲི་ཅི་ཞིག་ཡོད་པ་སྔ་མོ་ཞིག་ནས་དྲན་པའི་གཏིང་ལ་ཉར་ཡོད།
“ རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལེགས་པོ་བྱེད་པར།ང་ཚོར་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད”ཅེས་སྐབས་དེར་ཟོ་སྐྱ་ཞང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་ཡོད་པའི་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱིས་སྐད་ཆ་དེ་བྱ་བའི་སྙན་ཞུའི་ཁྲོད་བྲིས་ཡོད།
སྐབས་དེར་ཁོས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་དེ་འདྲ་རྟོགས་མེད་ཀྱང་སྲིད་མོད། འོན་ཀྱང་ཕ་ཡུལ་ལ་བཅངས་པའི་བརྩེ་ཞེན་དང་། མི་རིགས་རིག་གནས་ཁྲོད་ཀྱི་ཚེ་སྲོག་གི་ལྟ་བ་བཅས་ཀྱི་བག་ཆགས་ལས་ཁོས་ཨ་ཆེན་གངས་རྒྱབ་ཏུ་འཚོ་བའི་རི་དྭགས་གཙོད་ཀྱི་ཚེ་སྲོག་རྔོན་པའི་བོའུ་ཁ་ནས་སྐྱོབ་དགོས་པ་རྟོགས་ཏེ། གཙོད་སྲུང་བའི་བྱ་གཞག་དེ་ཁོ་ཚོའི་གཡོལ་དུ་མེད་པའི་འགན་འཁྲིར་གྱུར།
སྐབས་དེར་ཁོས་ཨ་ཆེན་གངས་རྒྱབ་ཀྱི་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་སྤྱད་དེ་ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བསམ་མོད། འོན་ཀྱང་གཙོད་དམར་གསོད་བྱས་ཡོད་པའི་ཡུལ་དངོས་ཀྱི་རྣམ་པ་དེ་དག་མིག་གིས་མཐོང་ཕྲལ། ཨ་ཆེན་གངས་རྒྱབ་ཏུ་སྲུང་སྐྱོང་བྱེད་རྒྱུ་ལས་བེད་སྤྱོད་གཏོང་རྒྱུ་ཞིག་མེད་པའི་འདུ་ཤེས་སྐྱེས།
དེ་ནས་རང་འགུལ་གྱིས་རྩ་འཛུགས་བྱས་པ་དང་གཙོད་བསྲུང་རྒྱུ་དེ་ང་ཚོའི་སྲོག་ལ་བབས་ཀྱང་འགན་གཙོ་བོ་ཡིན་པས།ཁོས་རྩ་འཛུགས་བྱས་པའི་སྐོར་ཞིབ་རུ་ཁག་ཅིག་ཨ་ཆེན་གངས་རྒྱབ་ཏུ་འགུལ་སྐྱོད་བྱེད་མགོ་བརྩམས།
རི་དྭགས་གཙོད་སྲུང་དོན་ཅི་ཡིན་ནམ། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་། རང་རྒྱལ་ཁོ་ནར་ཡོད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཡིན་ལ། བྱང་ཐང་སྐྱ་མོའི་སྟེང་གི་བདག་པོའང་རེད།
སྤྱང་ཀི་དང་དྲེད་མོང་སོགས་རང་བྱུང་གི་དགྲ་བོ་དེ་དག་ལ་གཡོལ་ཆེད། གཙོད་ཀྱི་འགྲོས་ཚད་དེ་དུས་ཚོད་རེར་སྤྱི་ལེ་བདུན་ཅུ་ནས་བརྒྱད་ཅུར་སླེབས་དགོས་པས། མུ་མཐའ་མེད་པའི་ཨ་ཆེན་གངས་རྒྱབ་ནི་གཙོད་ཀྱི་བང་རྩལ་ངོམ་སའི་འདུ་ར་ཡིན་མོད། འོན་ཀྱང་མིའི་རིགས་ཀྱིས་བཙན་འཛུལ་བྱེད་དུས་དེ་ཚོའི་སྐྱེན་པོའི་བང་རྩལ་ཡང་ལྐོག་རྔོན་པའི་འབེན་མིག་ཏུ་ཚུད།
ཀུའུ་ཡེ་ཡིས་སྐབས་དེའི་སྐོར་ཞིབ་རུ་ཁག་གི་རུ་མི་ལ་བཅར་འདྲི་བྱས་མྱོང་ཞིང་། རུ་མི་རྣམས་ཀྱིས་ཁོ་ལ་ཞིབ་ཕྲའི་གནས་ཚུལ་ཁ་ཤས་བཤད་མྱོང་བ་འདི་ལྟར།
“ལྐོག་རྔོན་པ་དེ་ཚོའི་གདུག་རྩུབ་ནི་ང་ཚོའི་བློ་ཡུལ་ལས་འགོངས་ཏེ། ཁོ་ཚོས་གཙོད་ལྤགས་ཧྲིལ་པོ་ཞིག་འཐོབ་ཆེད། གཙོད་ཀྱི་སྐེ་དང་སུག་པ་ལྟོ་བ་བཅས་སུ་གྲི་ཤུལ་བཏོད་རྗེས། སྐེ་མཚམས་ནས་ལྤགས་པ་ཕྱི་ལ་བསློགས་ཏེ། ཤུགས་ཀྱིས་འཐེན་ཞོར་གཙོད་བཏང་བ་ན། གཙོད་ཀྱིས་རང་གི་སྲོག་གི་ཕྱིར་དུ་རང་ཤུགས་ཀྱིས་སྟོབས་ཤུགས་ཡོད་རྒུ་འདོན་པས། གཙོད་ལྤགས་ཧྲིལ་པོ་གཅིག་དེ་ལྟར་དམར་བཤུས་ངང་ལག་ཏུ་ཐོབ།”རུ་མི་ཚོས་བཤད་པ་ལྟར་ན། དེ་ལྟར་གཙོད་ལྤགས་གསོན་པོར་བཤུས་པའི་གཙོད་ཁ་ཤས་ནི་ཉིན7གྱི་རྗེས་སུ་ད་དུང་གསོན་ཡོད་པ་མཐོང་།
“དེ་ནི་མི་ཡི་ཀུན་སྤྱོད་ལས་ཡོངས་སུ་འགོངས་འདུག སྐད་ཅིག་མ་དེར། ངའི་སྙིང་ལ་གྲི་ཡིས་གཙགས་པ་ལྟ་བུའི་སེམས་ཚོར་ཞིག་སྐྱེས།”
ལྐོག་རྔོན་པ་དེར་མ་སླེབས་གོང་། གཙོད་ཀྱིས་ཉེ་འཁོར་དུ་འཚོ་བ་རོལ་བའི་མི་རྣམས་དང་མཉམ་དུ་སྲོག་ལྡན་འགུལ་སྐྱོད་བཀག་སྡོམ་བྱེད་པའི་ཡུལ་གྲུ་དེར་འཆམ་མཐུན་གྱིས་འཚོ་བ་རོལ་བཞིན་ཡོད་མོད། ལྐོག་རྔོན་པས་ཁོར་ཡུག་དེ་གཏོར་བཤིག་བཏང་རྗེས། ཉེ་འཁོར་གྱི་མི་རྣམས་ཀྱིས་བློ་ཐག་བཅད་དེ་གཙོད་སྲུང་བའི་འགན་འཁྲི་ཕྲག་ཏུ་བླངས།
གཙོད་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཁྲོད་དུ་གནས་སྟབས། དེ་ཚོ་ས་དེའི་སྤྱང་ཀི་དང་དྲེད་མོང་སོགས་གཅན་གཟན་དག་གི་འཚོ་རྟེན་དུ་གྱུར་ཡོད་ལ། ས་དེའི་སྐྱེ་ཁམས་མ་ལག་གི་གཟན་ཤའི་གྲུབ་ཆ་གལ་ཆེན་ཞིག་དང་། མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་རྒྱུན་སྲུང་ཐུབ་པའི་སྲོག་ཆགས་རྩ་ཆེན་གྱི་རིགས་ཤིག་རེད།
གཙོད་སྲུང་བ་ནི་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་རེད།1997ལོར། བསོད་ནམས་སྟོབས་རྒྱལ་སྲུང་སྐྱོང་ས་ཚིགས་བཙུགས་ཤིང་། དཔའ་བོའི་མཚན་གྱིས་གསོལ་པའི་སྲུང་སྐྱོང་ས་ཚིགས་དེ་ནི། རང་རྒྱལ་གྱིས་གཙོད་སྲུང་བར་བཙུགས་པའི་ལྐོག་རྔོན་པར་རྒོལ་བའི་མདུན་གྲལ་ས་ཚིགས་ཐོག་མ་ཡིན་པ་དང་། སྐབས་དེར་བསོད་ནམས་སྟོབས་རྒྱལ་གྱི་གཅེས་སྲོག་ཤོར་ནས་ལོ་ངོ་གསུམ་འགོར་ཡོད་པ་རེད།
“ཁོའི་སྙིང་སྟོབས་ནི་ནམ་ཡང་དུས་རབས་ཀྱི་སྔོན་དུ་སོང་ཡོད་པ་དང་འདྲ་བར། དུས་རབས་གསར་པར་ཡང་ང་ཚོར་བློ་སྒོ་གསར་པ་ཕྱེ་ཞིང་སྣེ་ཁྲིད་བྱེད་བཞིན་འདུག”ཀུའུ་ཡའེ་ཡིས་བཤད་རྒྱུར། བསོད་ནམས་སྟོབས་རྒྱལ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གདོང་མཆོང་པ་རྐྱང་རྐྱང་མིན་པར།ཁོའི་བསམ་བློ་ལས་བརྒལ་ཐུབ་མཁན་དཀོན།
བསོད་ནམས་སྟོབས་རྒྱལ་གྱི་གཅེས་པའི་ཚེ་སྲོག་དེ་མི་རྣམས་ཀྱིས་རི་དྭགས་གཙོད་སྲུང་བར་མཐོང་ཆེན་གྱི་སླད་དུ་བློས་བཏང་ཞིང་། རང་གི་གཅེས་པའི་ཚེ་སྲོག་གིས་གཞན་གྱི་ཚེ་སྲོག་སྐྱོབ་པའི་བསྟོད་གླུ་དེ་ནི་ས་གཞི་དེའི་སྟེང་གཏན་དུ་ཡལ་བ་མེད་པའི་རྒྱུན་འཛིན་གྱི་སྙིང་སྟོབས་སུ་གྱུར་པ་དང་། མི་རྣམས་སྐོར་དང་སྐོར་བྱས་ཏེ་ལྟ་སྲུང་གི་དཔུང་སྡེར་ཞུགས་ཤིང་། བསོད་ནམས་སྟོབས་རྒྱལ་ནི་གཏན་དུ་ཡལ་བ་མེད་པའི་སྙིང་སྟོབས་ཤིག་གི་དར་ཆར་གྱུར་ཏེ། ས་ཆེན་དེ་རུ་ཀྲོང་ངེར་འགྱིངས་ནས། དེ་རུ་འཚོ་བའི་མི་རྣམས་ལ་སྐུལ་མ་གཏོང་བཞིན་ཡོད།
རྗེས་སུ། མུ་ཏིག་ཚ་ཆུ་སྲུང་སྐྱོང་ས་ཚིགས་དང་། སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས། ཆུ་དམར་སྲུང་སྐྱོང་ས་ཚིགས་བཅས་བསྟུད་མར་བཙུགས་ཤིང་། ཨ་ཆེན་གངས་རྒྱབ་ཀྱི་ཕང་བར། འབྲོང་ནག་མཚེའུ་དང་ཁུའུ་སེ་མཚེའུ་བཅས་དུས་ཚིགས་རང་བཞིན་ལྡན་པའི་སྲུང་སྐྱོང་ས་ཚིགས་ཀྱང་སྔ་རྗེས་སུ་བཙུགས་ཏེ། ལྟ་སྲུང་པ་རྣམས་ཨ་ཆེན་གངས་རྒྱབ་ཀྱི་བསྐལ་པའི་བར་དུ་འགྱུར་བ་མེད་པའི་གྲང་རླུང་ཁྲོད་འགྲུལ་བཞུད་བྱེད་ཀྱིན་འདུག
2023ལོར་འབྲོང་ནག་མཚེའུའི་སྲུང་སྐྱོང་ས་ཚིགས་ཀྱི་རབས5པའི་སྦྲེལ་ཚུགས་བཙུགས་པ་དང་། 2025ལོར་ཁུའུ་སའེ་མཚེའུའི་སྦྲེལ་འཕྲིན་རབས5པའི་བརྡ་རྟགས་ཡོད་པར་གྱུར། ཚན་རྩལ་གྱི་གཞོགས་འདེགས་འོག སྐོར་ཞིབ་རུ་མིས་ལྟ་སྐུལ་ཚོད་འཛིན་འཆར་ངོས་བརྒྱུད་ནས་སྤྱི་ལེ་འགའི་ཕ་རོལ་གྱི་གཙོད་ཁྱུ་མཐོང་བར་མ་ཟད། སྐོར་སྲུང་བྱས་ཁུལ་སྔོན་མ་ལྟར་རི་དྭགས་ཀྱི་ཞིང་བཀོད་ཅིག་དང་མཚུངས་པར། སྐོར་སྲུང་ཕན་འབྲས60%ལ་འཕར་བ་དང་། ལྐོག་རྔོན་པའི་ཉེན་བརྡ་གཏོང་བའི་དུས་ཚོད་སྔར་ལས་ཇེ་ཐུང་དུ་ཕྱིན་ཏེ་སྐར་མ15ལས་མི་འགོར།
རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་། སྲུང་སྐྱོང་རིམ་པ་སྔར་ལས་ཇེ་མཐོར་སོང་།
མི་གཅིག་གི་གོ་རྟོགས་སད་པ་ནས་མི་ཚོགས་ཤིག་གིས་བརྟན་སྲུང་བྱེད་པའི་བར་དང་། དེ་ནས་རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་བྱེད་ཡུལ་དུ་གྱུར་པས། སྲུང་སྐྱོང་ནི་ཡུལ་དེའི་གཏན་དུ་འགྱུར་བ་མེད་པའི་བྱ་གཞག་ཅིག་ཏུ་གྱུར།
ལོ་རེའི་ཟླ5པར། མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་དང་། བོད་ལྗོངས་བྱང་ཐང་གི་ས་ཁུལ་ཁ་ཤས། ཞིན་ཅང་ཨར་ཅིན་རི་བོའི་གཙོད་མོ་རྣམས་ཁ་ཆད་བྱས་པ་ནང་བཞིན། ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་འབྲོང་ནག་མཚེའུ་དང་ཉི་མ་མཚོའི་རྒྱུད་དུ་ངང་གིས་འཁོར། གཙོད་ཕྲུག་རྩེབས་པའི་དུས་ཚིགས་མཇུག་བསྒྲིལ་རྗེས། གཙོད་མོ་རྣམས་ཀྱིས་རྩེབས་མ་ཐག་པའི་གཙོད་ཕྲུག་མ་བུ་ཁྲིད་ནས་ཕྱིར་འཚོ་གནས་སུ་ལོག
དེ་དག་གི་གནས་སྤོ་ནི་གཟབ་རྒྱས་ཆེ་བའི་འདུ་འཛོམས་ཤིག་དང་འདྲ་བར། ཆེས་རིང་བ་སྤྱི་ལེ1600འཕྲེད་ཀྱིས་བརྒལ་དགོས་པ་དང་། གཙོད་བཅུ་ཕྲག་གམ་ཡང་ན་བརྒྱ་ཕྲག་མཉམ་དུ་ཡོད་ལ། ཕྱོགས་ཀུན་ཉེན་ཁས་བསྐོར་པའི་མཐོ་སྒང་དུ་ཚེ་སྲོག་གི་རྒྱུན་ཐག་སྲིང་བའི་རང་བྱུང་གི་ལྟད་མོ་ངོ་མཚར་ཞིག་ཏུ་གྱུར་ཡོད།
དེང་སྐབས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་བྱུང་ནས་ཁྲི7ལས་བརྒལ་ཟིན་པ་དང་། གཙོད་སྲུང་སྐྱོང་གི་རིམ་པའང་ཉེན་ཁ་མེད་པ་ཅན་དུ་ཆགས་ཡོད། ལོ་རེའི་ཟླ5པར། གཙོད་མོ་རྣམས་སྔར་བཞིན་ཁྱུ་དང་ཁྱུ་བྱས་ནས་འཚོ་གནས་སུ་སྙེག་བཞིན་ཡོད།
དེང་སྐབས། ང་ཚོས་ཐད་གཏོང་བརྙན་མིག་བརྒྱུད་ནས། གཙོད་གནས་སྤོ་བྱེད་པའི་བརྙན་རིས་མཐོང་ཐུབ་མོད། འོན་ཀྱང་བརྙན་མིག་གི་རྒྱབ་རོལ་ནི།སྔར་བཞིན་ལྟ་སྲུང་བྱ་དགོས་པའི་ཨ་ཆེན་གངས་རྒྱབ་ཡིན་ལ།སྔར་བཞིན་ལྷན་སྐྱེས་ནས་འདྲོག་སླ་བའི་གཙོད་དང་བར་ཐག་འཛིན་པ་དང་། འདྲོག་མི་སློང་བ། ཉེ་སར་མི་བཏུད་པ་བཅས་ཡིན་ལ། དེ་ནི་ས་གཞི་དེ་དང་སྲོག་ལྡན་རྣམས་ལ་སྲུང་སྐྱོང་བྱེད་སྟངས་ཆེས་ཡག་པོ་ཞིག་ཡིན། །
བན་དེ་སྐྱབས་ཀྱིས་སྒྲིག་སྒྱུར་བྱས།