དཔའ་བོའི་ཚོཊ་ཀྱིས་རང་སྲོག་འབེན་དུ་བྱས་ཏེ་གཞན་གྱི་ཚེ་སྲོག་སྲུང་།

ཁུངས། ཀློག་གྲངས།

དཔའ་བོའི་ཚོགས་ཀྱིས་རང་སྲོག་འབེན་དུ་བྱས་ཏེ་གཞན་གྱི་ཚེ་སྲོག་སྲུང་བ།

——མཚོ་སྔོན་གྱི་སྐྱེ་ཁམས་ལྟ་སྲུང་བློ་འབྱེད་ཟིན་ཐོ། (སྨད་ཆ)


བོད་ལ་མོ་ལམ་ཐང་སྟོང་དུ་སྐོར་ཞིབ་རུ་མི་དང་ལྐོག་རྔོན་པ་ཚོས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་ཀྱིན་ཡོད། བརྙན་འཕྲིན་ཟློས་གར《བླ་ཤིང》ཞེས་པར་དུས་རབས་སྔོན་མའི་ལོ་རབས90པའི་ནང་མཚོ་བོད་མཐོ་སྒང་དུ་སུས་ཀྱང་མི་ཤེས་པའི་གཏམ་རྒྱུད་ཅིག་སྦས་ཡོད།

མཚོ་སྔོན་རྨ་སྟོད་དང་འབྲི་སྟོད་རྫོང་ཉེ་འཁོར་གྱི་མི་མེད་ས་ཁུལ་བོད་ལ་མོ་ལམ་དུ་གཏེར་ཁ་དང་རི་དྭགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ལྐོག་རྔོན་ལྐོག་འདོན་བྱེད་མཁན་མང་པོས་ཁེ་ཕོགས་ཆེན་པོ་རག་ཆེད་གང་འདོད་དུ་གཏེར་ཁ་སྔོག་འདོན་དང་རི་དྭགས་དམར་གསོད་བྱས། བོད་ལ་མོ་ལམ་དུ་ཐེངས་དང་པོར་ཡོང་བའི་སྐོར་ཞིབ་རུ་མི་དེ་དག་གིས་གཙོད་མང་པོ་བསད་ཡོད་པ་དངོས་སུ་མཐོང་ཞིང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ལས་བློ་ཐག་རྦད་ཆོད་ཀྱིས་གཞུག་མ་དེ་བདམས། མི་མང་པོ་ཞིག་གིས་གནས་ཚུལ་དེར་རྒྱུས་ལོན་མི་བྱེད་པར་མ་ཟད་ཐ་ན་སྐྱོན་བརྗོད་བྱས་ཀྱང་ཁོ་ཚོས་སྔར་བཞིན་སྲོག་འབེན་ལ་བཞག་ནས་ཚེ་སྲོག་སྐྱོབ་པའི་འདུན་མར་བློ་རྩ་བརྟན་པོས་འཇུས།

ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་བློ་རྩ་བརྟན་པོ་དེ་མ་གཞི་ནས་བརྙན་གྱི་འཆར་ཡོལ་ནས་ཡོངས་སུ་མཚོན་ཐུབ་མེད། ཨ་ཆེན་གངས་རྒྱབ་ཕུགས་ཀྱི་མི་མེད་ཐང་སྟོང་ནི་གྲང་ལྷགས་ཆེ་བའི་གླིང་སྣེ་དང་གངས་ལྗོངས་ཀྱི་འཁྱགས་ས། ཚེ་སྲོག་གི་བཀག་སྡོམ་ཁུལ་ཡིན་ཀྱང“བླ་ཤིང”གི་འཕར་རྩའི་རྒྱུ་བ་འགོག་ཐབས་བྲལ་ལ། དཔའ་བོ་རྣམས་ཀྱིས་ཤ་ཁྲག་གིས་བསྐྲུན་པའི་འགོག་སྲུང་འཛིང་རགས་དེ་བརྟན་སྲུང་བྱེད་མཁན་ཚོས་དཔའ་བོའི་ཞབས་རྗེས་སྙེག་བཞིན་མི་ཚེ་གང་པོར་ཆོད་སེམས་གཅིག་དང་ཕལ་བའི་ལས་ཀྱིས་རི་ཆུ་བརྟོལ་བའི་དཔའ་ངར་གྱིས་ས་མཐོའི་རླུང་བུའི་ཁྲོད་དུ་འདུན་མའི་ཕུགས་རྒྱང་རིང་དུ་བསྐྱེད་ནས་གཙོད་ཁྱུའི་རྨིག་རྗེས་ཐང་ཆེན་དེར་བསྐྱར་དུ་བཏོད་དུ་བཅུག

བརྙན་འཕྲིན་དུ་སྐོར་ཞིབ་རུ་མི་ལྡོང་གྲགས་པས་གཅེས་པའི་ཚེ་སྲོག་སྔ་མོ་ནས་བློས་བཏང་སོང་སྟེ། ལྐོག་རྔོན་མཁན་གྱི་བོའུ་ཁ་རུ་ཐང་ལ་བསྒྱེལ་ཞིང་། དེ་མིན་ད་དུང་གཙོད360ལྷག་ཀྱང་ཁོ་དང་མཉམ་དུ་ཐང་ལ་བསྒྱེལ། ལྡོང་གྲགས་པ་འཁྲབ་མཁན་ཚེ་བརྟན་བཀྲ་ཤིས་ཀྱིས“ལོ18ལ་བུད་པའི་ལྡོང་གྲགས་པ་ནི་སྐོར་ཞིབ་རུ་མི་ཁྲོད་ཀྱི་ལོ་ན་ཆུང་ཤོས་དེ་ཡིན་ལ། སྐོར་ཞིབ་པའི་ཁྲོད་ཞུགས་པར་མིང་ཐོ་ཐེངས་མང་བཀོད་མཐར་དངོས་སུ་བདམས་ཐོན་བྱུང་ལ། བརྙན་གྱི་ནང་དུ་ཁོ་རང་རུ་དཔོན་རྡོ་རྗེའི་རྗེས་སུ་འབྲངས་ནས་ཁོ་དང་འདྲ་བའི་དཔའ་ངར་ཆེ་བའི་མི་ཞིག་ཏུ་འགྱུར་འདོད་ཆེན་པོ་ཡོད”ཅེས་ཟེར།

རུ་དཔོན་རྡོ་རྗེ་ལགས་ཀྱི་སྣང་བརྙན་དེ་དངོས་སུ་བསྐྲུན་དོན་ནི་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་དང་གཙོད་སྲུང་སྐྱོབ་བྱ་ཆེད་རང་སྲོག་བློས་བཏང་བའི་རྗེ་བཟང་བསོད་ནམས་སྟོབས་རྒྱལ་དང་ཆུ་ཁ་གྲགས་པ་རྡོ་རྗེ་རྗེས་དྲན་བྱེད་ཆེད་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་འགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་འབྲོང་ནག་མཚོ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཆོས་འཕེལ་བཀྲ་ཤིས་ཀྱིས་མུ་འབྲེལ་བརྙན་འཕྲིན《བླ་ཤིང》ཞེས་པའི་ནང་བརྗོད་པའི་གཏམ་རྒྱུད་ནི་ལོ20ལྷག་རིང་རང་ཉིད་ཕྲད་པའི་དོན་དངོས་དེ་ཡིན་ལ། དེ་ནི་མེ་ལོང་ཞིག་དང་འདྲ་བར་རྒན་རབས་པ་ཚོའི་ཉམས་མྱོང་ཤར་བ་ལྟ་བུ་རེད་ཟེར།

ཆོས་འཕེལ་བཀྲ་ཤིས་ནི་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱི་ཚ་བོའམ་གྲགས་པ་རྡོ་རྗེའི་བུ་ཡིན་ཞིང་། ལས་ཀར་ཞུགས་མ་ཐག་ཨ་ཆེན་གངས་རྒྱབ་ཏུ་ཡོང་། ཁོས་དེ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་པར་འདོད་དེ། ཕ་མེས་ཚོ་སྔོན་ཆད་སོང་མྱོང་བའི་ལམ་དེ་བསྙེགས་ནས་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད།

“ང་ཚོ་དང་རྒན་རབས་པས་སྒྲུབ་འདོད་པའི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་ཏེ། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ཤ་རུས་ལ་ཟུག་པའི་རེ་སྨོན་ཡིན། ཁོ་ཚོས་ལེགས་འགྲུབ་མ་བྱུང་བའི་བྱ་གཞག་དང་དུ་བླངས་ནས་མི་རབས་འདིའི་འདུན་མ་དང་འགན་འཁྲི་སྒྲུབ་པ་དེ་ནི་རང་ཉིད་གཉོམ་ལག་རྒྱས་སའི་ཕ་ས་འདིར་དྲིན་ལན་འཇལ་འདོད་པ་ཅི་ལ་མིན”ཞེས་ཆོས་འཕེལ་བཀྲ་ཤིས་ལ་མཚོན་ན། ཨ་ཕའི་མི་རབས་དེ་ནི་ཁོ་ཚོའི་མ་འོངས་ཀྱི་ལམ་བུ་གསལ་བར་བྱེད་པའི“ཕྱོགས་སྟོན་འཁོར་ལོ”ལྟ་བུ་ཡིན།

《བླ་ཤིང》ཞེས་པའི་བརྙན་འཕྲིན་དེ་བསྟན་མ་ཐག་ཨ་ཆེན་གངས་རྒྱབ་དང་རྗེ་བཟང་བསོད་ནམས་སྟོབས་རྒྱལ་སོགས་དུས་སྐབས་ཤིག་གི་དྲ་རྒྱའི་འཚོལ་བཤེར་མང་ཤོས་ཀྱི་མིང་ཐོའི་ནང་ཚུད།

རྗེ་བཟང་བསོད་ནམས་སྟོབས་རྒྱལ་ནི་ཨ་ཆེན་གངས་རྒྱབ་ཀྱི་དཔའ་བོའི་སྣང་བརྙན་གྲས་ཀྱི་གཅིག་ཡིན། ཁོས་སྐབས་དེར་གཙོ་ཁྲིད་བྱས་ནས་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་པའི་དམིགས་ཡུལ་ནི་གཏེར་ཁ་རྩད་ཞིབ་དང་གསར་སྤེལ་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་གཙོད་སོགས་རི་དྭགས་གྲངས་མེད་ཀྱི་ཚེ་སྲོག་ཁྲག་ལ་བརྫིས་པ་མཐོང་རྗེས་སླར་ཡང་སྲུང་སྐྱོབ་བྱ་རྒྱུའི་སེམས་ཐག་བཅད་པ་མ་ཟད། ཐ་ན་གཅེས་པའི་ཚེ་སྲོག་ཀྱང་ཨ་ཆེན་གངས་རྒྱབ་ཏུ་བསྟིམས།

1994ལོའི་ཟླ་དང་པོའི་ཚེས8ཉིན་ནི། རྗེ་བཟང་བསོད་ནམས་སྟོབས་རྒྱལ་ཨ་ཆེན་གངས་རྒྱབ་ཏུ་སྐྱོད་ཐེངས་ཆེས་མཐའ་མ་དེ་ཡིན་ཞིང་། ཟླ་དང་པོའི་ཚེས18ཉིན་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱིས་གཅེས་སྲོག་བློས་བཏང་།

སྐབས་དེར་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ནས་ལོ་གཅིག་དང་ཕྱེད་ཀ་ལས་འགོར་མེད་ལ། ཁོས་ཨ་ཆེན་གངས་རྒྱབ་ཏུ་ལས་དོན་སྒྲུབ་ཡུན་ཉིན354རེད། ང་ཚོ་ཨ་ཆེན་གངས་རྒྱབ་ཏུ་སླེབས་སྐབས་དབུགས་ལེན་དཀའ་བ་དང་ཐ་ན་གོམ་པའང་སྤོ་མི་ཕོད་པའི་ས་ཆ་དེ་རུ“ཁོར་སྲུང་དཔའ་བོ”དང་ཨ་ཆེན་གངས་རྒྱབ་ཀྱི་གཏམ་རྒྱུད་བསྐྱར་ཀློག་བྱས་ཚེ། ཚེ་སྲོག་གིས་ཚེ་སྲོག་སྐྱོབ་པ་ནི་ཅི་འདྲའི་དཔའ་ངར་ཆེ་ཞིང་གཟི་ཉམས་ལྡན་པ་ཞིག་ཡིན་པ་རྟོགས་ཐུབ། དེ་ནི་བསམ་པའི་གོ་རྟོགས་དེར་ཐད་ཀར་འདྲེན་ཐུབ་པ་མ་ཟད་མི་རབས་རྗེས་མར་བཟང་ཕྱོགས་སུ་ཁྲིད་པའི་མཛད་རྗེས་ཤིག་རེད།

ཨ་ཆེན་གངས་རྒྱབ་ནི་གནའ་ནས་གཙོད་ཁྱུ་སྐྱེ་འཕེལ་གྱི་འཚོ་གནས་གལ་ཆེན་ཞིག་ཡིན་ལ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཤིག་ཀྱང་རེད། སྐབས་དེར་སྒོར་མོའི་ཁེ་ཕན་གྱི་བསླུ་བྲིད་དབང་གིས་གསེར་སྔོག་འདོན་བྱེད་མཁན་མང་པོ་ཡོང་བ་དང་། ལྐོག་རྔོན་པ་ཚོས་དབྱར་ཁར་གསེར་སྔོག་འདོན་དང་དགུན་ཁར་གཙོད་གསོད་ཀྱིན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ལས་འཕེལ་རྒྱས་གཙོ་བའི་ལོ་རབས་དེར་བསོད་ནམས་སྟོབས་རྒྱལ་གྱིས་མདུན་སྐྱོད་བྱེད་ཕོད་པ་དང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་དཔལ་འབྱོར་འཕེལ་རྒྱས་ལས་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་རེད། ད་ལྟ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་སུ་གྱུར་བ་དང་སྐྱེ་ཁམས་ཀྱིས་ཀྱང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྨང་གཞི་འདིང་བཞིན་པའི་སྐབས་འདིར། ཡང་བསྐྱར་འཕེལ་རྒྱས་ཀྱི་ངོས་ནས་ཕྱིར་རྟོག་རེ་བྱས་ཚེ་ཁོས་སྐབས་དེར་གཟིགས་རྒྱང་རིང་བའི་གོམ་སྟབས་ཤིག་སྤོས་ཡོད་པ་ཤེས་ཐུབ།

1994ལོའི་ཟླ་དང་པོའི་ཚེས18ཉིན། རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱི་གཅེས་སྲོག་ཤོར་རྗེས། 1995ལོའི་ཟླ5པར། མག་པ་ཆུ་ཁ་གྲགས་པ་རྡོ་རྗེས་རང་འགུལ་ངང་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་འགན་འཁུར་རྒྱུའི་རེ་བ་ཞུས་ཤིང་། ཁོངས་གཏོགས་ཀྱི་སྐོར་ཞིབ་རུ་ཁག་ལ“འབྲོང་གཡག་རུ་ཁག”ཅེས་མིང་བཏགས།

1998ལོའི་ཟླ11པའི་ཚེས8ཉིན་གྲགས་པ་རྡོ་རྗེ་འཇིག་རྟེན་འདི་དང་ཁ་བྲལ། ཆོས་འཕེལ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྐབས་དེ་དུས་ཨ་ཆེན་གངས་རྒྱབ་ཀྱི་རི་ལུང་ཚང་མར་ཧ་ལམ་གཏེར་འདོན་པས་ཁེངས་ཡོད་པས་ཨ་ཕས་ཐབས་བརྒྱ་ཇུས་སྟོང་གིས་རི་འགོའི་གཏེར་འདོན་དཔུང་ཁག་ཚང་མ་གཙང་བཤེར་བྱས་པས་ཁོང་སྐུ་གཤེགས་སྐབས་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་གོ་རིམ་ཅན་གྱི་རྣམ་པར་གྱུར་ཡོད་ཟེར།

ཐང་སྟོང་ལ་མཐའ་མེད་ཀྱང་། ཚེ་སྲོག་ལ་རྩ་བ་ཡོད། ད་སྐབས་གྲགས་པ་རྡོ་རྗེའི་བུ་ཕུན་ཚོགས་ཚེ་རིང་དང་ཆོས་འཕེལ་བཀྲ་ཤིས་གཉིས་ཀྱིས་ཨ་ཕའི་རྒྱུན་འཛིན་བྱས་ཏེ་མི་རབས་གཉིས་པའི་སྐོར་གསུམ་པའི་སྲུང་སྐྱོབ་པར་གྱུར་ནས་ལོ20ལྷག་ལ་ཨ་ཆེན་གངས་རྒྱབ་དང་ཁ་བྲལ་མྱོང་མེད།

བརྙན་འཕྲིན་དུ་གསར་འགོད་པ་ཧྲའོ་ཡུན་ཧྥེས་བཅར་འདྲི་བྱེད་སྐབས་པའེ་ཅུས་ཀྱིས་ལྡོང་གྲགས་པ་གླེང་བྱུང་། རེད་ཡ། སྐོར་ཞིབ་རུ་མི་ཚོའི་རྒྱབ་ཏུ་རང་དང་ལས་དབང་གཅིག་པའི་ཁྱིམ་ཚང་དང་གཉེན་ཉེ་མེད་པ་ག་ལ་ཡིན། ཆོས་འཕེལ་བཀྲ་ཤིས་ཀྱིས“སྐོར་ཞིབ་བྱེད་ཐེངས་རེར་སེམས་ཁུར་བྱེད་དགོས་ས་གཅིག་ཡོད་པ་ནི་ཤ་ཉེ་དག་ཡིན་ཏེ། ཁོ་ཚོས་ནམ་ཡང་འབྲེལ་ཐག་ཆད་པའི་ནང་མིའི་གནས་ཚུལ་རེ་ཐོས་པར་རེ་སྒུག་བྱས་ཡོད”ཅེས་བརྗོད་པ་ལྟར་རེད།

ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། ཁྱིམ་མི་རྣམས་འཐད་པ་མ་བྱུང་ཚེ་ཁོ་ཚོས་ཨ་ཆེན་གངས་རྒྱབ་ཏུ་ལས་དོན་སྒྲུབ་མི་ཐུབ།

ཆོས་འཕེལ་བཀྲ་ཤིས་ལ་མཚོན་ན། སྐོར་ཞིབ་བྱེད་ཐེངས་རེ་རེ་ནི་བརྗེད་དཀའ་བའི་དོན་རྐྱེན་རེ་རེ་རེད། ཐེངས་ཤིག་སྐོར་ཞིབ་བྱེད་སྐབས་ཆུ་ཚོད24ཡི་ནང་སྨི200ཙམ་ལ་མ་གཏོགས་མ་བསྐྱོད་ཀྱང་སྐོར་སྲུང་རླངས་འཁོར་ཡང་ནས་ཡང་དུ་འདམ་ལ་ཟུག འདམ་ལ་ཟུག་པའི་རླངས་འཁོར་ང་ཚོ་ཚང་མས་མཉམ་དུ་ནུས་ཤུགས་གང་ཡོད་ཀྱིས་ཡང་ཡང་ཡར་འཐེན་བྱས་ནས་ད་གཟོད་ཕྱིར་བླངས་པ་ཡིན་ཞེས་བརྗོད་བྱུང་།

ཨ་ཆེན་གངས་རྒྱབ་ཀྱི་མཐའ་ཡས་པའི་ཡུལ་ཁོངས་སུ། སྲུང་སྐྱོབ་པ་རེ་རེས་རང་ཉིད་སྐྱེ་དངོས་འབྲེལ་ཐག་སྟེང་གི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་བྱ་དངོས་ཐམས་ཅད་སྐྱིད་སྡུག་མཉམ་མྱོང་གི་འཆམ་མཐུན་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ད་སྐབས་ཨ་ཆེན་གངས་རྒྱབ་ཏུ་བོའུ་སྐད་ཐོས་རྒྱུ་མེད་པར་ལྷིང་འཇགས་ངང་གནས་མོད། འོན་ཀྱང་སྲུང་སྐྱོབ་པས་བརྟན་སྲུང་བྱེད་པའི་གོམ་སྟབས་ནི་མཚམས་འཇོག་ག་ལ་རུང་། “ང་ཚོས་མི་སྣ་རེ་རེ་བཞིན་འཁྲབ་སྟོན་ཡག་པོ་བྱེད་པ་དང་། ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་པ། འགན་འཁྲི་དང་འོས་འགན་རེ་རེ་བཞིན་གོམ་པ་རིམ་བགྲོད་ངང་སྒྲུབ་པ་བཅས་བྱེད་པ་ནི་ལན་ཡག་ཤོས་དེ་ཡིན།”ཆོས་འཕེལ་བཀྲ་ཤིས་ཀྱིས2025ལོར་སྐོར་ཞིབ་ཐེངས13བྱས་པ་དང2026ལོའི་དཔྱིད་གསར་དུས་ཆེན་གོང་གི་སྐོར་ཞིབ་ལས་འགན་ཡང་ལེགས་འགྲུབ་བྱུང་མ་ཐག་ཡིན་ཞེས་བཤད།

ད་སྐབས་ཨ་ཆེན་གངས་རྒྱབ་ཏུ་དོ་དམ་དེ་བས་གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པར་མ་ཟད། བྱ་བ་ལའང་ནང་དོན་གསར་པ་ཡོད། ལྐོག་རྔོན་པར་རྒོལ་ཞིང་ལྐོག་འདོན་པ་འགོག་པ་ནས་ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་ཏུ་ཡོང་བར་རྒོལ་བའི“རྒོལ་བ་གསུམ”གྱི་བྱ་བར་ལྟ་རྟོག་བྱེད་པའི་བར་ཚང་མའི་འགན་འཁྲིའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་ཕྱིན་ནས། ནགས་ཚལ་སྤྱི་བདེ་དང་མཉམ་འབྲེལ་ཐོག་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། དོ་དམ་སྲུང་སྐྱོབ་དཔུང་ཁག་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་ལས་ཀའི་ཕན་འབྲས་སྔར་བས་བཟང་ཞིང་ལེགས་བསྡུས་ཡོང་བར་བྱེད་ཀྱིན་ཡོད། ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་མཁན་གྱི་མི་ཕལ་བ་ཚང་མ་དཔའ་བོའི“ཚོགས་ཀྱི་སྣང་བརྙན”དུ་གྱུར་ནས་ཐང་སྟོང་དུ་བསྐྱོད་དེ་ལྷིང་འཇགས་ཀྱི་མཐོ་སྒང་དུ་རི་དྭགས་སྲུང་བཞིན་ཡོད།

ཨ་ཆེན་གངས་རྒྱབ་ཕྱི་རོལ་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནི་ཚེ་བརྟན་བཀྲ་ཤིས་ཀྱི་ཕ་ཡུལ་ཡིན། ལོ་འདི་དག་རིང་ཕ་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀར་གཞོལ་བཞིན་ཡོད། ཆུང་དུས་ནས་བསོད་ནམས་སྟོབས་རྒྱལ་གྱི་གཏམ་རྒྱུད་དང་ཨ་ཆེན་གངས་རྒྱབ་ཀྱི་གཏམ་རྒྱུད་ལ་ཉན་ནས་འཚར་ལོངས་བྱུང་། གོ་སྐབས་ཤིག་བྱུང་ཚེ་ཁོ་རང་ཡང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཀྱི་ལས་སུ་ཞུགས་རྒྱུའི་འདུན་པ་ཤུགས་དྲག་པོ་ཡོད་ཟེར།

མི་རབས་ནས་མི་རབས་བར་འགན་འཁྲི་ཡོད་པ་དང་། མི་རབས་རེ་རེས་མི་རབས་སྔོན་མའི་འགན་འཁྲི་བསྒྲུབ་དགོས། མི་མེད་ས་ཁུལ་དུ་སྐོར་ཞིབ་བྱེད་པའི་དཀའ་ཁག་དང་ཉེན་ཁ་ཆེ་ཚུལ་ནི་མི་དཀྱུས་མ་ཞིག་གི་བློ་ངོར་ཤོང་ཐབས་བྲལ། སྐོར་ཞིབ་ཀྱི་བརྒྱུད་རིམ་རེ་རེ་བཞིན་སྙིང་རུས་ལ་བརྟེན་ནས་བཟོད་བསྲན་གྱི་མཐར་སོན་པ་ཞིག་ཡིན། ཕྱིས་སུ་སྐོར་ཞིབ་ཀྱི་ནང་དོན་དང་བྱེད་སྟངས་ལ་འགྱུར་ལྡོག་བྱུང་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་དང་། སྒྲིག་སྲོལ་དང་ནང་རྐྱེན་མཐུན་སྦྱོར། སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་། དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་དམངས་ཞུགས་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།

ཨ་ཆེན་གངས་རྒྱབ་ནི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཕར་བའི་རྗེས་སུ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། གཙོད་ཁྱུ་སྲུང་བའི་རིམ་པ་དེ“སྟོངས་ཉེར་ཡོད་པ”ནས“སྟོངས་སླ་བའི”བར་ཆགས་པ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི2མི་ལོན་པའི་ཚད་ནས་ཁྲི7ལྷག་བར་འཕར་བ་དེ་ནི་སྲུང་སྐྱོབ་བྱེད་མཁན་གྱིས་ཚེ་སྲོག་ལ་བརྟེན་ནས་ཕྱི་རབས་པར་བཞག་པའི་སྐྱེ་ཁམས་རྒྱུ་ནོམ་དེ་རེད། སྲུང་མཁན་ཚོས་རང་སྲོག་བློས་བཏང་ནས་ཚེ་སྲོག་བསྐྱབས་ཤིང་རང་སྲོག་བློས་བཏང་ནས་ཚེ་སྲོག་བསྲུངས་པ་ཡིན་ལ། ཐང་རྒོད་དེ་ཐང་རྒོད་ལ་གཏོགས་སུ་བཅུག་ཚེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཞིག་ཀྱང་ཡིན།

བརྙན་འཕྲིན་དུ་རུ་དཔོན་རྡོ་རྗེ་ཡིས་མི་དང་མི་མི་འདྲ་སྟེ། མི་ཁ་ཤས་ཀྱིས་མི་ཚེ་ནི་ཐུང་དྲགས་པས་དུས་ཡུན་རིང་པོར་ས་ཆ་གཅིག་ཏུ་བསྡད་ན་སྙིང་པོ་མེད་པར་འདོད་ཀྱང་། ང་ཚོར་མཚོན་ན་ས་ཆ་ཞིག་ཏུ་མི་ཚེའི་དོན་སྙིང་མངོན་འགྱུར་བྱེད་ཐུབ་པ་ནི་གཞི་ནས་སྤྲོ་སྣང་རབ་ཏུ་སྐྱེ་འོས་པ་ཞིག་རེད་ཅེས་བཤད་པ་ལྟར་རེད།

ལོ་འདི་དག་གི་རིང་ཆོས་འཕེལ་བཀྲ་ཤིས་ལའང་ཨ་ཆེན་གངས་རྒྱབ་ནས་ཁ་བྲལ་བའི་གོ་སྐབས་བྱུང་ཡང་ཁོང་གིས་བློ་ཐག་རྦད་ཆོད་ངང་སྡོད་རྒྱུའི་གདམ་ག་བྱས་པ་རེད། “གནས་འདིར་གཞི་ཚུགས་ཡོད་ལ་ད་རུང་འདུག་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། ཁ་བྲལ་ཡང་འབྲལ་མི་ཐུབ་སྟེ། ཨ་ཆེན་གངས་རྒྱབ་དང་ངའི་ཚེ་སྲོག་མཉམ་དུ་སྦྲེལ་ཡོད་པས་ཁ་འབྲལ་བ་ནི་དཔེ་མི་སྲིད”ཅེས་བཤད།

ཚེ་སྲོག་གི་བཀག་སྡོམ་ཁུལ་གྱིས་ཐོན་ཁུངས་ཀྱི་གཏེར་མཛོད་བསྐྲུན་པ་དང་། གསེར་སྲ་མོ་ནས“གསེར་མཉེན་མོར”འབོད་པའི་གཙོད་ཁྱུ་བར། ལྐོག་འདོན་བྱེད་མཁན་དང་ལྐོག་རྔོན་མཁན་ཚོའི་སྨྱོ་ཧམ་ཆེན་པོས་ཨ་ཆེན་གངས་རྒྱབ་ཏུ་དམར་པོ་ཁྲག་གི་ཆག་སྒོ་བསླངས་ཡོད། དམིགས་བསལ་གྱི་དུས་སྐབས་དེར་སྐྱེ་ཁམས་སྲུང་སྐྱོབ་ནི་ཁ་ནས་བཤད་པ་ཁོ་ན་ཙམ་ཡིན་པར་སྣང་། འཕེལ་རྒྱས་དང་སྲུང་སྐྱོབ་གཉིས་ཀྱང་ཕལ་ཆེར་མཐུན་ཐབས་མེད་པ་འདྲ། དུས་དེ་རིང་ལ་སླེབས་དུས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེའང་མིག་སྔར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐབས་ཇུས་ནང་བཅུག་པ་དང་། “ཆེ་ཤོས་གསུམ”གྱིས་མཚོ་སྔོན་གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་གསལ་པོ་བྱས་པའི་སྐབས་མི་རྣམས་ཀྱིས་བསོད་ནམས་སྟོབས་རྒྱལ་སོགས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་བྱོན་པ་རྣམས་ཀྱི་མིག་རྒྱང་རིང་མོ་ལ་ཡིད་སྨོན་དེ་བས་ཆེན་པོ་བྱེད་ཀྱིན་ཡོད། ཁོ་ཚོའི་ཚེ་སྲོག་ཕངས་མེད་དུ་ཕུལ་བའི་སྙིང་སྟོབས་ལ་བརྟེན་ནས་མིའི་རིགས་ཀྱི་སྐྱེ་ཁམས་རང་རྟོགས་སད་དུ་བཅུག

དྲ་གྲོགས་ཚོས་མཚོ་སྔོན་ནི་རྗེས་ལུས་མིན་པར་དེས་སྐྱེ་ཁམས་སྲུང་སྐྱོབ་ལ་ལམ་སྟོན་བྱེད་བཞིན་ཡོད་ཅེས་དཔྱད་གཏམ་སྤེལ། དེའང་ཞིབ་ཏུ་བརྗོད་ན། མཚོ་སྔོན་གྱིས་འཚོལ་ཞིབ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ནི་སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྲིག་དང་། ཐོན་ལས་ཀྱི་ཐབས་ལམ་ཁ་གསལ་བ། ཚན་རྩལ་གསར་གཏོད་ཀྱི་འགག་སྒྲོལ་བཅས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྤུས་ཚད་མཐོ་རུ་གཏོང་བཞིན་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་ལེགས་སྐྱེས་འབུལ་བ་ཞིག་ཡིན་པ་ནི་ད་ལྟའི་ལག་ལེན་གྱི་ཁྲོད་ནས་མངོན། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཐོག་ནས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་སྐྱེ་ཁམས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་བར་མཐོངས་ཕན་ཚུན་སྦྲེལ་མཐུད་བྱས་ཚེ་སྐྱེ་ཁམས་རྒྱུ་ནོར་དེ་དཔལ་འབྱོར་གྱི་རྒྱུ་ནོར་དང་དམངས་འཚོའི་བདེ་སྐྱིད་དུ་རང་ཤུགས་སུ་འགྱུར་བ་ར་སྤྲོད་བྱུང་ཡོད།

དཔའ་བོའི་ཞབས་རྗེས་བསྙེགས་ནས་ཡོང་བ་དང་། རྗེས་སུ་རི་ཆུ་དེར་བཅངས་པའི་དགའ་ཞེན་འདོར་ཐབས་བྲལ། ཆོས་འཕེལ་བཀྲ་ཤིས་ཀྱིས“དེ་སྔ་གནས་འདིར་ཡོང་དོན་ནི་ཁོང་ཅག་གི་མཛད་རྗེས་ལ་རྗེས་སུ་ཡི་རང་སྐྱེས་ནས་ཡོང་བ་ཡིན་ཡང་། གཞི་སྡོད་བྱེད་རྒྱུའི་སེམས་ཐག་གཅོད་དོན་ནི་ཁོང་ཅག་གི་མཚན་སྙན་ཙམ་དེར་དམིགས་ནས་བསྡད་པ་མིན་པར། ཁོང་ཅག་གི་དཔའ་ངར་ལྡན་པའི་འདུན་མའི་སྟོབས་ཀྱིས་ང་རང་བཀུག་པ་ཡིན”ཞེས་སེམས་འགུལ་ཐེབས་ནས་བཤད།

སྐབས་འདིར“བླ་ཤིང”གི་སྙིང་པོར་མཚན་ཉིད་ཇི་ལྟར་བཞག་ན་འགྲིག

ཨ་ཆེན་གངས་རྒྱབ་ཀྱི་ཚེ་སྲོག་གི་གཟི་མདངས་དེ་རེ་བ་གསར་པ་ལས་བསྐྱར་དུ་རྒྱས། སྲུང་མཁན་པ་སྔར་བས་མང་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་འགན་འཁྲི་དང་ཁག་ཁུར་དང་དུ་བླངས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚམས་ཐིག་བསྲུང་རྒྱུའི་དམ་བཅའ་བརྟན་པོ་སྙིང་ལ་བཅངས་ཡོད་དོ། །

བན་དེ་སྐྱབས་ཀྱིས་བསྒྱུར།