
“མཐོ་སྒང་གི་གནམ་ངོ་ནི་བྱིས་པའི་ངོ་གདོང་གི་རྣམ་འགྱུར་དང་འདྲ་བར་འགྱུར་འདོད་ན་དེ་འཕྲལ་འགྱུར་འགྲོ”
དབྱར་གཞུང་གི་མཚོ་སྔོ་རེངས་འགྲམ་དུ། གོང་གི་སྐད་ཆ་དེ་ལ་ར་སྤྲོད་གསལ་ཐག་ཆོད་པ་ཞིག་བྱེད་ཐུབ་ཅིང་། གྲང་རླུང་རུས་པར་ཟུག་པ་ཞིག་གློ་བུར་དུ་ལྡང་བའི་མོད་ལ། ཆར་ཐིགས་གཅིག་རྗེས་གཉིས་མཐུད་དུ་བབས་ཏེ། ཆར་བ་སར་ལྷུང་བའི་སྒྲའང་ཐོས་ཐུབ།
བསོད་བསོད་ཀྱི་ངོས་ནས་བལྟས་ན་སྐད་ཅིག་ཉིད་ཀྱི་རིང་ལ་འགྱུར་ལྡོག་རྒོད་པའི་གནམ་གཤིས་དེ་འདྲ་ནི་ཆེས་རྒྱུན་ལྡན་ཞིག་ཡིན། ཁོ་དང་གྲོགས་པོ་རྣམས་མཚོ་འགྲམ་བརྒྱུད་ནས་བསྐྱོད་དེ། སྐོར་སྲུང་བྱས་རྗེས་སླར་ཡང་ས་བབ་སྔར་ལས་མཐོ་བའི་འབྲོང་མགོའི་རྡོ་རིང་ཕྱོགས་སུ་བུད་སོང་། སྐབས་ཐོག་འདི་ནི་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོའི་དུས་ཚོད3ཙམ་ཡིན་པ་དང་། གནས་འདིའི་དྲོད་ཚད་ཏུའུ3ལས་མེད་ཅིང་། སྨུག་པ་སྟུག་པོ་ཞིག་གིས་རི་ཐང་གཡོགས་ཡོད་པའི་དབང་གིས། མིག་གི་མཐོང་ལམ་བསྒྲིབས་ཡོད་ནའང་། འོན་ཀྱང་ཁོ་ཚོས་གནམ་གཤིས་ལ་ཁ་གཡར་ནས་གོམ་མཚམས་འཇོག་མི་སྲིད།
བསོད་བསོད་ཀྱིས་བཤད་རྒྱུར། “འབྲོང་མགོའི་རྡོ་རིང་ཡོད་ས་ནི་ཉིན་ལྟར་སྐོར་སྲུང་བྱེད་དགོས་པའི་ས་ཁོངས་གཙོ་བོ་ཞིག་ཡིན། ཟླ4པའི་ཟླ་མཇུག་ཏུ། སྔོ་འབུས་ཡོད་ཅིང་སྔོ་འབུས་པའི་དུས་ཚོད་ན་ནིང་ལས་ཉིན་འགའི་རིང་སྔ་བ་དང་། སྔོ་སྐྱེ་ཚད་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་ཕྱིན་ཡོད”ཟེར། བསོད་བསོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པར་གྱུར་པའི་ཉིན་དེ་ནས་བཟུང་། མཚོ་སྔོ་རེངས་འགྲམ་རྒྱུད་ནས་ནོར་མགོའི་རྡོ་རིང་བར་མི་ལོ་བཅུའི་རིང་ཕར་འགྲོ་ཚུར་འོང་བྱས་མྱོང་ཡོད་ལ། སྐྱེ་ཁམས་ཀྱི་ལྟ་སྲུང་བ་བྱས་ཏེ་ལོ་བཅུ་འགོར་ཡོད།
བསོད་བསོད་ཀྱིས“2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་བསྟེན་བརྙན་ལམ་བརྒྱུད་དེ་ང་ལ་འབྲེལ་བ་གནང་བྱུང”ཟེར་ཞོར། ཁོས་མཚོ་སྔོ་རེངས་དང་ཐག་མི་རིང་བའི་རི་མགོ་ཞིག་ལ་མཛུབ་མོ་ཀེར་ཞོར། སྔར་བཞིན་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། “སྐབས་དེར་བསྟན་པའི་རི་ནི་གན་རེད།”ཟེར།
བསོད་བསོད་ཀྱིས་མངགས་བཅོལ་ནན་མོ་བློ་ལ་བརྟན་པོར་བཅངས་ནས། མི་ལོ་བཅུའི་རིང་རྨ་ཆུའི་ཆུ་འགོ་རང་གི་མིག་འབྲས་བཞིན་སྲུང་སྐྱོང་བྱས།
སྐབས་དེར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་བརྩམས་ཡོད་ཅིང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་དང་པོ་དེ་ཡིན་པ་དང་། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་སྟེང་དུ་ལེན་ཐུབ་ཡོད། སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་བརྩམས་པ་ནས་བཟུང་། སྲུང་སྐྱོབ་དང་འཕེལ་རྒྱས་དབར་གྱི་འགལ་བ་ཕན་འབྲས་ལྡན་པའི་ངང་སེལ་ཆེད། མཚོ་སྔོན་གྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཏེ། “ཁྱིམ་ཚང་རེར་ལས་གནས་གཅིག”གི་སྲིད་ཇུས་སྔོན་ལ་གསར་གཏོད་ལྡན་པའི་སྒོ་ནས་འཚོལ་ཞིབ་བྱས་ཡོད།
བསོད་བསོད་ཀྱིས་ད་དུང་ཡིད་ལ་གསལ་ལེར་དྲན་པ་ཞིག་ལ། སྐབས་དེ་དུས་ཚང་མ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་གསོ་སྦྱོང་ནང་ཞུགས་རྗེས། ལག་ཁྱེར་བྱིན་ནས་ལས་གནས་སྟེང་ཞུགས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་སྐོར་ཁག་དང་པོར་གྱུར་བ་ཡིན། དེང་སྐབས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྐྱ་རེངས་ཞང་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་ཁག་ལ་མི128ཡོད།
མཚལ་རྩེ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་དེ་མཚོ་སྔོ་རེངས་འགྲམ་དུ་བསྐྲུན་ཡོད་ཅིང་། གཞུང་ལམ་གྱི་ཐག་ཉེ་སར་ཡོད། དོ་དམ་སྲུང་སྐྱོབ་པས་ཉིན་རེར་རེས་མོས་ཀྱིས་ལས་རེས་འཁོར་གྱིན་ཡོད། ལྷོད་གཡེང་ཅུང་ཙམ་ཤོར་ཚེ། མི་གཞན་སོགས་སྲུང་སྐྱོབ་ས་ཁོངས་སུ་འཛུལ་རྒྱུར་སྐྲག་གིན་ཡོད། བསོད་བསོད་ཀྱི་ཁྱིམ་དེ་སྲུང་སྐྱོབ་ས་ཚིགས་དང་བར་ཐག་སྤྱི་ལེ་ལྔ་བཅུ་ནས་དྲུག་ཅུའི་སར་ཡོད་ཅིང་། སྐོར་སྲུང་བྱ་བ་ཚར་རྗེས་ས་ཚིགས་སུ་ཡོང་ནས་ལས་རེས་འཁོར་གྱིན་ཡོད།
བསོད་བསོད་ཀྱིས་སྐད་ཆ་བཤད་པའི་བར་མཚམས་སུ། ཁོའི་བྲང་མདུན་དུ་བཏགས་ཡོད་པའི་ལས་ཀའི་ལག་ཁྱེར་དེ་བསྟན་བྱུང་། ལག་ཁྱེར་དེའི་སྟེང་དུ་གཞི་རྩའི་ཆ་འཕྲིན་གསལ་བ་ལས་གཞན། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ལས་ཞུགས་ལག་ཁྱེར”ཞེས་པའི་ཡིག་འབྲུ་མངོན་གསལ་ཅན་དེ་རེད།
བསོད་བསོད་ཀྱིས་གཟབ་ནན་ངང་ལག་ཁྱེར་ཁུག་མའི་ནང་གི་ལས་ཞུགས་ལག་ཁྱེར་ཡར་བླངས་ཏེ། “རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པའི་ལས་ཞུགས་ལག་ཁྱེར”གསུམ་མཉམ་དུ་བརྩེགས་ཡོད་ཅིང་། ལག་ཁྱེར་རེ་རེའི་ཐོག་གི་ཨང་གྲངས་མི་འདྲ་སྟེ། ཨང་གྲངས་གཉིས་ནས་ཨང་གྲངས་བཞིའི་བར་དང་དེ་ནས་ཨང་གྲངས་ཕྲེང་བ་རེ་རེའི་བར། དེང་སྐབས་གསར་དུ་བརྗེས་རྗེས་ཀྱི་ཨང་གྲངས་གསུམ་པ་དེ་སྤྱོད་ཀྱིན་ཡོད། ཨང་གྲངས་དེ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་འདྲ་བར་ས་ཁུལ་གསལ་པོ་བཟོས་ཡོད།
ལས་ཞུགས་ལག་ཁྱེར་དང་པོ་དེ་ནི་སྤྱིར་བཏང་གི་ཚོན་ཁྲ་ཅན་གྱི་ཤོག་བུ་ཞིག་ཡིན་པ་དང་། ད་ལྟ་སྔོ་མདོག་ཡལ་ནས་ཕྱེད་ཀ་ཁྲ་ཁྲ་རུ་གྱུར་ཡོད་ནའང་། ཁོས་ཐོག་མཐའ་བར་གསུམ་དུ་ལག་ཁྱེར་དེ་ལ་གཅེས་ཉར་བྱས་ནས་ཕྱིར་ལེན་སྐབས་སེམས་ཆུང་གང་ལེགས་བྱེད་ཀྱིན་ཡོད། ལས་ཞུགས་ལག་ཁྱེར་དེ་ཐོབ་པ་ནས་བཟུང་། བསོད་བསོད་དང་འདྲ་བར་རྩྭ་ཐང་དུ་འཚོ་བ་རོལ་བཞིན་པའི་འབྲོག་པ་ཚོ་ལའང་། དེ་སྔ་ཕྱུགས་ཟོག་འཚོ་སྐྱོང་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་པའི་རྣམ་པར་འགྱུར་ལྡོག་བྱུང་ནས། ཡོང་འབབ་ཀྱི་གྲུབ་ཚུལ་ལའང་འགྱུར་ལྡོག་བྱུང་ཡོད།
དོ་དམ་སྲུང་སྐྱོང་པར་ཟླ་རེར་གཏན་འཇགས་སྒོར1800ཡི་ཟླ་ཕོགས་ཡོང་འབབ་ཡོད་ཅིང་། ལོ་གཅིག་གི་ཡོང་འབབ་སྒོར21600ཡོད། བསོད་བསོད་ཀྱི་ངོས་ནས་བཤད་ན། སྔོན་ཆད་རང་ཉིད་ནམ་ཉི་མ་ཞིག་ལ་གླ་ཕོགས་ལེན་མཁན་ཞིག་ཏུ་འགྱུར་འགྲོ་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ཆུང་དུས་ནས་འཚོ་བ་རོལ་སའི་ས་ཆ་དེ་རྒྱལ་ཁབ་སྤྱི་གླིང་དུ་འགྱུར་འགྲོ་བ་ནི་དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་རེད།
བསོད་བསོད་འདོད་བློ་ཚིམ་པའི་ངང་བཤད་རྒྱུར། “གཏན་འཇགས་ཀྱི་ཡོང་འབབ་དེ་ནི་བློ་ཡུལ་ལས་འདས་པའི་ཡོང་འབབ་ཞིག་ཏུ་བརྩིས་ཆོག ང་ཚོས་སྲུང་བཞིན་པ་ནི་སྔར་བཞིན་རང་ཁྱིམ་གྱི་རྩྭ་ས་ཡིན་ལ། རྒྱལ་ཁབ་ཀྱིས་ང་ཚོར་ཟླ་ཕོགས་ཀྱང་སྟེར་གྱི་ཡོད”ཟེར། ལོ་འདི་འགའི་རིང་གི་ཡོང་འབབ་ལ་བརྟེན་ནས་ཁོའི་འཚོ་བ་ལའང་དེར་བསྟུན་གྱི་འགྱུར་ལྡོག་ཅུང་ཆེན་པོ་ཞིག་བྱུང་ཡོད།
ཡང་གཅིག་བཤད་ན། ཉེ་འཁོར་གྱི་འཕོ་འགྱུར་ནི། ཆུ་དང་གློག དྲ་བ་བཅས་ནི་བཤད་མི་དགོས་པ་ཞིག་ཡིན་ལ། དེ་ལས་གཞན་འགྲིམ་འགྲུལ་ཡོ་བྱད་ཀྱང་རྟ་ཞོན་ནས་ཕྱི་ལ་འགྲོ་བ་ནས་རྗེས་ཀྱི་འཕྲུལ་རྟ་དང་དེ་ནས་ད་ལྟ་ཁྱིམ་ཚང་ཚང་མར་རླངས་འཁོར་ཡོད།
བསོད་བསོད་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་མི་སྣར་མ་གྱུར་བའི་སྔོན་ལ། ཁོ་ནི་རྩྭ་ཐང་གི་སྐྱེ་ཁམས་དོ་དམ་མི་སྣ་ཞིག་ཡིན། ད་ལྟའི་བར་དུ་ཁོས2015ལོར་སྐྱ་རེངས་ཞང་མི་དམངས་སྲིད་གཞུང་གིས་བྱིན་པའི“རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལག་ཁྱེར”དེ་ཉར་ཚགས་བྱས་འདུག རྩྭ་ཐང་དོ་དམ་པ་ནས་སྐྱེ་ཁམས་དོ་དམ་པར་གྱུར་བ་ནས་བཟུང་། ཁོ་ལ་སྤོབས་པ་སྐྱེ་འོས་པ་ཞིག་ནི། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཀྱི་ཆེད་དུ་རང་ཉིད་ཀྱི་ནུས་ཤུགས་འདོན་ཐུབ་པ་དེ་རེད། བསོད་བསོད་ཀྱིས་བལྟས་ན། ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད་ནའང་། དོ་དམ་དང་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སྔར་ལས་ཆེ་རུ་ཕྱིན་ཡོད། སྔོན་ཆད་རྩྭ་ཐང་ལ་དོ་དམ་ཡག་པོ་བྱས་ན་ཆོག དོ་དམ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་ལྟོས་བཅས་ཀྱིས་ཆིག་རྐྱང་ཡིན་མོད། དེང་སྐབས་སྐོར་སྲུང་བྱེད་སྐབས། རྩྭ་ཐང་ཉེ་འཁོར་གྱི་རི་དང་ཆུ། མཚེའུ། དེ་བཞིན་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཚང་མར་སྐོར་སྲུང་དོན་ལྡན་བྱེད་དགོས་པར་བརྟེན། སྐོར་སྲུང་ལས་འགན་སྔར་ལས་མ་ལག་ཅན་དུ་གྱུར་ཡོད།
བསོད་བསོད་ཀྱིས་མཐའ་འཁོར་གྱི་རི་ཆུ་དང་རྩྭ་ཤིང་ལ་མུ་མཐུད་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་པ་ནི་སྐྱེ་ཁམས་ཁོར་ཡུག་ཙམ་མ་ཟད། ད་དུང་ཁོ་ཚོའི་སྐོར་སྲུང་བྱེད་སྟངས་ལའང་འགྱུར་ལྡོག་བྱུང་ཡོད། བསོད་བསོད་ཀྱིས་བཤད་རྒྱུར། “ལོ་འགའི་སྔོན་ལ་སྐོར་སྲུང་ཉིན་ཐོ་ལག་བྲིས་གཙོ་བོ་ཡིན་མོད། འབྲོག་པ་མང་པོ་ཞིག་གིས་ཐོ་འགོད་ཇི་ལྟར་བྱེད་དགོས་པའང་ཤེས་ཀྱི་མེད། དེང་སྐབས། སྐྱེ་ཁམས་སྐོར་སྲུང་མཉེན་ཆསAppསྤྱོད་བཞིན་པའི་དབང་གིས། སྐོར་སྲུང་བྱེད་པའི་སྐབས་སུ། གང་ཞིག་ཤེས་རྟོགས་བྱུང་ན་ལག་ཁྱེར་ཁ་པར་གྱི་མགྲོན་སྣེ་བརྒྱུད་ནས་དུས་ཐོག་ཏུ་ཐོ་འགོད་ཐུབ་པར་བརྟེན། སྐོར་སྲུང་སྔར་ལས་གནད་འཁེལ་ཅན་དུ་གྱུར་ཡོད”ཟེར། བསོད་བསོད་ཀྱིས་སྐྱེ་ཁམས་སྐོར་སྲུང་མཉེན་ཆས་ཀྱི་ཁ་འབྱེད་སྐབས། འཆར་ངོས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་དེ་ཟླ7པའི་ཚེས1ཉིན་སྐོར་སྲུང་བྱེད་སྐབས་མཐོང་བ་རེད། ཉེ་བའི་ལོ་གསུམ་གྱི་རིང་ལ། བསོད་བསོད་ཀྱིས་མཚོ་སྔོ་རེངས་འགྲམ་དུ་འཚོ་སྡོད་བྱེད་ཀྱིན་པའི་ཁྲུང་ཁྲུང་སྐེ་ནག་ཆ་ཅིག་ལ་དུས་རྒྱུན་དོ་ཁུར་བྱེད་ཀྱིན་ཡོད། “ཁྱོད་ཀྱིས་ལྟོས་དང་། ཁྲུང་ཁྲུང་སྐེ་ནག་ཆ་དེ་གཉིས་ཀྱིས་ན་ནིང་རིགས་རྒྱུད་གཅིག་གསོ་སྤེལ་བྱས་པ་དང་། ད་ལོའང་གཅིག་གསོ་སྤེལ་བྱེད་ཀྱིན་འདུག དེང་སྐབས་དེ་ཚོ་གནས་འདིའི‘རྒྱུན་མགྲོན’དུ་གྱུར་ཡོད་ཟེར།
གོམ་གྲངས་ཇེ་མང་དུ་སོང་བ་ནི། ཆུ་ཁོངས་རྒྱ་ཁྱོན་ལོ་རེར་ཆེ་རུ་འགྲོ་བ་དང་། བརླན་སའི་རྒྱ་ཁྱོན་ཡང་ཇེ་ཆེར་འགྲོ་བ་མཚོན་ཐུབ། མཚོ་འགྲམ་དུ། མིང་མི་ཐོགས་པའི་བྱ་རིགས་དང་། ཝ་མོ། སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་རིགས་སྣ་མང་པོའི་གྲངས་ཀ་མང་དུ་འཕེལ་བཞིན་ཡོད་ཅིང་། ཆེས་མངོན་གསལ་ནི་འབྲོང་རེད། སྔོན་ཆད་མཐོང་དཀའ་བའི་གནས་ཡིན། འདི་ཚང་མ་ནི་རྒྱལ་ཁབ་སྤྱི་གླིང་གིས་བསོད་བསོད་ལ་གནང་བའི་མཚར་སྣང་རེད།
སྔོན་ཆད། རྩྭ་ཐང་དུ་སྒོ་ཕྱུགས་ཚད་ལས་བརྒལ་ཞིང་སྔོག་འདོན་ལ་སྒྲིག་ལམ་མེད། བསོད་བསོད་ཀྱིས་རྩྭ་ཐང་ཞན་འགྱུར་དུ་འགྲོ་བ་དང་། མཚོ་མོ་བྲི་བའི་རྣམ་པ་མིག་གིས་མཐོང་དུས། ས་གནས་འབྲོག་པས་རྩྭ་ཐང་རྒྱ་ཆེན་པོ་སྲུང་ཡང་། འཚོ་བ་རྒྱུན་འཁྱོངས་བྱེད་དཀའ་བ་རེད། ད་ལྟ། ལམ་ལུགས་ཉིན་རེར་འཐུས་ཚང་དུ་འགྲོ་བ་དང་། སྲུང་སྐྱོང་དྲ་བ་རྒྱུན་མི་ཆད་པར་སྲ་བརྟན་དུ་བཏང་ཞིང་། སྐྱེ་ཁམས་དོ་དམ་གནད་དུ་འཁེལ་བར་སྡེ་བ་དང་། ཁྱིམ་ཚང་། མི་སྒེར་གྱི་སྟེང་དུ་སླེབས་པས། སྲུང་བ་ནི་རྩྭ་ཐང་གི་འཛད་མེད་ཀྱི་སྐྱེ་སྟོབས་རེད།
1988ལོར་སྐྱེས་པའི་བསོད་བསོད་ནི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་ཆེས་ལོ་ཆུང་དོ་དམ་རུ་ཁག་གི་སྟོབས་ཤུགས་ཡིན། 2025ལོར་ཡར་སྔོན་དུ། ཁོ་ནི་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་རུ་ཁག་གི་རུ་གཙོ་ཡིན། ཁོ་ནི་དོ་དམ་པ་གཞན་དག་དང་མི་མཚུངས་པར། གཏན་འཁེལ་གྱི་སྐོར་སྲུང་ས་ཁུལ་མེད་མོད། རང་ཉིད་དངོས་སུ་སྐོར་སྲུང་བྱ་བའི་ནང་དུ་ཞུགས་དགོས།
ཐེངས་ཤིག་ལ། བསོད་བསོད་ཀྱིས་རྨ་སྟོད་རྫོང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འདྲེས་མཚམས་ས་ཁུལ་དུ་སྐོར་སྲུང་བྱེད་དུས། བློ་ཡིད་ལས་འདས་པ་ཞིག་ལ། དྲེད་མོང་དང་འཕྲད་པ་རེད། ཁོས་འཕྲུལ་རྟ་སྐོར་བཞིན་སྣུམ་སྒོ་མནན་ཅི་ཐུབ་བྱས་ཏེ་མྱུར་དུ་བྲོས་བྱོལ་བྱས་པས། སྟབས་མ་ལེགས་པར་སྒལ་བ་རྨས་པ་རེད། སྐབས་དེར། ཐང་སྟོང་སྟོང་འཇགས་ཡིན་ཞིང་། བརྡ་རྟགས་ཀྱང་མེད་པས། ཁོའི་སེམས་པ་རབ་ཏུ་འཚིག་སྟེ་སེམས་སྐྱ་མོ་ཐང་ལ་ལྷུང་བ་རེད། སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་རྙེད་ཐུབ་སོང་། ཆག་སྒོ་འདི་འདྲ་ཞིག་བརྒྱུད་པ་ནི། ཁོས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།
བསོད་བསོད་ཀྱིས་སྲུང་སྐྱོང་བྱེད་པའི་ས་ཆ་ནི་མཚོ་འཕགས་སྨི4000ཡན་ཡིན་ཞིང་། མཁའ་དབུགས་ཉུང་ལ། སྐྱེ་ཁམས་ཐོན་ཁུངས་སླར་སྐྱེ་མེད་པ་ཞིག་རེད། འབྲོག་པ་ཞིག་ཡིན་པའི་ཆ་ནས། རྒན་རབས་པའི་ཁ་ཏ་སློབ་སྟོན་བརྒྱུད་དེ། ཁོས་ཆུང་དུས་ནས་བཟུང་། རྩྭ་ཐང་གི་བཟང་ངན་ནི་ཐད་ཀར་ཟོག་ལུག་གི་འཚོ་གནས་དང་འབྲོག་པའི་འཚོ་ཚིས་དང་འབྲེལ་བ་ཡོད་པ་ཤེས་ཡོད།
བསོད་བསོད་ཀྱིས་མཚོ་མོར་དོ་ཁུར་བྱེད་ཅིང་། རྩྭ་ཐང་སེམས་སུ་བཟུང་ལ། རི་སྐྱེས་སྲོག་ཆགས་སེམས་ལ་བཟུང་ཡོད་ཅིང་། རང་ཉིད་ཀྱི་ཟོག་ལུག་ལའང་སེམས་འཁྲེང་བཞིན་ཡོད། ཁོས་རྨ་ཆུའི་ཆེས་སྟོད་རྒྱུད་སྲུང་སྐྱོང་བྱས་ཏེ། ཆུ་མགོ་བརླག་ཏུ་མ་བཅུག་པར། སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱས་ན། བུ་རབས་ཚ་རྒྱུད་ལ་ཕན་ཐོགས་ཡོད་པར་ཡིད་ཆེས་བརྟན་པོ་ཡོད།
བསོད་བསོད་ཀྱིས་བཤད་རྒྱུར། ང་ཚོས་སྐོར་སྲུང་བྱེད་དུས། རྒྱུན་པར་སྐྱེ་ཁམས་དང་འབྲེལ་བའི་སྲིད་ཇུས་དང་དོ་དམ་གཏན་འབེབས་དྲིལ་སྒྲོག་བྱས་པ་ཡིན། སྔོན་ཆད་ཚང་མས་འདི་ནི་རང་གི་ཕ་མེས་ཀྱིས་འཚོ་བ་རོལ་བའི་ས་ཆ་ཡིན་པ་ཙམ་ལས་མི་ཤེས་མོད། ད་ལྟ་ནི་འདི་ནི་རྨ་ཆུའི་འབྱུང་ཁུངས་དང་། རྒྱལ་ཁབ་སྤྱི་གླིང་ཡིན་པ་ཤེས་པ་རེད། མངོན་མེད་དུ་བྱུང་བའི་འཕོ་འགྱུར་འདིས། བསོད་བསོད་ལ་ཉེ་འཁོར་གྱི་མི་ཡི་བསམ་བློའི་འདུ་ཤེས་དེ་སྔོན་ཆད་དང་མི་འདྲ་བར་གྱུར་བ་ལེགས་པར་རྟོགས་སུ་བཅུག་པ་དང་། སྔོན་ཆད། ཚང་མས་རྩྭ་ཐང་ཡོད་ན་ཟོག་ལུག་གསོ་ཐུབ་པ་ཙམ་དུ་འདོད་ཡོད། ད་ལྟ་ནི་ལྡབ་འགྱུར་གྱིས་དུས་རབས་ཀྱི་ལེགས་སྐྱེས་འདི་གཅེས་སྤྲས་བྱས་ནས། གང་ནུས་ཅི་ལྕོགས་ཀྱིས་ཆུ་བོའི་འབྱུང་ཁུངས་འདི་སྲུང་སྐྱོང་བྱས་ཏེ། མི་རབས་ཚ་རྒྱུད་ལ་སྐྱེ་ཁམས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་དུ་འཇུག་བསམ་བཞིན་ཡོད།
མཚལ་རྩེ་སྡེ་བར་རྩྭ་ཐང་མུའུ་འབུམ་དགུ་ཡོད་ཅིང་། དེའི་ནང་གི་ཕྱེད་ཀ་ཕྱུགས་འཚོ་མི་ཆོག་པའི་གནས་སུ་གཏན་འཁེལ་བྱས་ཡོད། དབྱར་ཟླ་རིང་མོར། མཚོ་སྔོ་རེངས་ཉེ་འཁོར་དུ་ནོར་ལུག་མཐོང་བ་ཉུང་ལ། ཚང་མས་རེས་སྐོར་གྱིས་རྩྭ་ཐང་ལ་ངལ་གསོ་རུ་བཅུག་ཅིང་། ད་ལྟ་རྩྭ་ཕྱུགས་དོ་མཉམ་གླེང་བཞིན་ཡོད་པས། འབྲོག་པ་དག་གིས་གཞན་དག་ལས་ཀྱང་རྩྭ་ཐང་སྲུང་སྐྱོང་བྱེད་དགོས་པ་ཤེས་ཡོད། བསོད་བསོད་ཀྱིས་བཤད་རྒྱུར། རང་ཁྱིམ་ལ་མཚོན་ནས་བཤད་ན། རྩྭ་ཐང་གི་གནས་ཚུལ་ཇེ་ལེགས་དང་རྩྭ་རྩི་ཏོག་སྐྱེས་པ་གྲངས་མང་དུ་འཕེལ་བས། ཕྱུགས་གྲངས་འོས་འཚམ་གྱིས་ཇེ་མང་དུ་བཏང་ཆོག་པས། ང་ཚོའི་ཡོང་སྒོའང་ཇེ་མཐོར་ཕྱིན་ཡོད་ཟེར།
2025ལོར། བསོད་བསོད་ཀྱིས་ཐག་གཅོད་ཅིག་བྱས་ཏེ། མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་པའི་རུ་གཙོའི་འགན་ཁུར་ཕོག་ཅིང་། ལོ27ཅན་གྱི་ཚུལ་ཁྲིམས་ཀྱིས་རུ་གཙོའི་འགན་ཁུར། བསོད་བསོད་ཀྱིས་ཚུལ་ཁྲིམས་ཀྱི་རིག་གནས་རྨང་གཞི་ལྷག་ཏུ་བཟང་བས། རྗེས་ཕྱོགས་ཀྱི་བྱ་བ་ལེགས་སྤེལ་བྱེད་པར་ཕན་པ་རེད་བསམ་ཡོད།
ལོ་བཅུའི་སྔོན་དང་བསྡུར་ན། དོ་དམ་རུ་ཁག་ཁྲོད་དུ་ལོ་ཆུང་ཇེ་མང་དུ་སོང་ཡོད་ལ། མཚལ་རྩེ་སྡེ་བའི་ན་གཞོན་རྣམས་ཀྱིས་རྒན་རབས་པ་དག་གི་ལག་ནས་མཐུད་རྒྱུག་དབྱུག་པ་བླངས་ཏེ། མུ་མཐུད་དུ་རྨ་ཆུའི་འབྱུང་ཁུངས་སྲུང་སྐྱོང་བྱེད་བཞིན་ཡོད། བསོད་བསོད་ཀྱིས་བཤད་རྒྱུར། དོ་དམ་རུ་ཁག་གསར་སྒྱུར་བྱས་ཏེ། སྒྲིག་གཞི་ན་གཞོན་ཅན་དུ་གྱུར་བས། དོ་དམ་ནུས་པ་དང་བྱ་བའི་ལས་ཕྱོད་དུས་མཉམ་དུ་མཐོ་རུ་ཕྱིན་པ་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་སྐྱེ་ཁམས་དོ་དམ་རུ་ཁག་ཁྲོད། ན་གཞོན་གྱི་ཟིན་ཚད་ཕྱེད་ཀ་ལྷག་ལས་བརྒལ་ཡོད་ཟེར།
བསོད་བསོད་ཀྱིས་བལྟས་ན། རང་ཉིད་སློབ་གྲྭར་འགྲིམ་མ་མྱོང་བས། དོ་དམ་བྱ་བ་བསྒྲུབ་པར་བར་ཆད་དུ་གྱུར་སོང་བར་བསམ། མིག་སྔར། ཁོས་ཆེས་བསྒྲུབ་འདོད་པ་ནི་ན་གཞོན་མང་པོ་སྐོང་འགུག་བྱས་ཏེ། སྤྱི་ཡོངས་ནས་དོ་དམ་རུ་ཁག་གི་རིག་གནས་ཆུ་ཚད་དང་དོ་དམ་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་རེད།
སློབ་གྲྭའི་དབྱར་གནང་དགུན་གནང་ལ་སླེབས་དུས། བསོད་བསོད་ཀྱིས་བྱིས་པ་རྣམས་ཁྲིད་དེ་སྐོར་སྲུང་བྱེད་ཅིང་། མཛུབ་མོས་རི་སྟོན་གྱི་ཚུལ་དུ་ལྷག་ལུས་མེད་པར་ཁོ་ཚོར་སློབ་ཁྲིད་བྱས་ནས། རྨ་ཆུ་སྲུང་སྐྱོབ་བྱེད་པའི་དོན་སྙིང་བླ་ན་མེད་ཅིང་། ཆུ་མགོའི་རྩྭ་དང་ཆུ་སྲུང་སྐྱོང་ལེགས་པོར་བྱས་ན། རྒྱལ་ཡོངས་མི་དམངས་ལ་དེའི་ཁྲོད་ནས་ཕན་ཁེ་ཐོབ་ཅེས་བརྗོད་བཞིན་ཡོད།
སྐྱེ་ཁམས་དོ་དམ་བྱེད་རྒྱུར“ཁྱིམ་ཚང་རེར་ལས་གནས་གཅིག”གཏན་འཁེལ་བྱས་པ་ལས། བསོད་བསོད་ཀྱི་མི་ཚེ་བཞུད་ལམ་ལ་འགྱུར་བ་བཏང་བ་ཙམ་མ་ཡིན་པར། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་དགུ་བདུན་བརྒྱ་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། སྐྱེ་ཁམས་དོ་དམ་པ་ཁྲི་གཉིས་བརྒྱད་བརྒྱ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཏེ། རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
རྩྭ་ཆུར་བརྟེན་ནས་འཚོ་བ་སྐྱེལ་བ་ནས་རི་ཀླུང་སྲུང་བའི་ལས་སུ་ཞུགས་པ་དང་། རང་བྱུང་ཁམས་ལ་གཞན་དབང་གིས་བསྟུན་པ་ནས་རང་འགུལ་གྱིས་ཁྱིམ་གཞིས་སྲུང་བའི་བར་དུ་འཕོ་འགྱུར་བྱུང་བ་རེད། བསོད་བསོད་ཚབ་མཚོན་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ཀྱིས་ཐོབ་ཐང་བརྗེས་ནས། ཕྱུགས་འཚོ་བའི་གོམ་སྟབས་དེ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ལམ་བུར་བསྒྱུར་ཡོད། མི་གཅིག་ལས་ཀར་ཞུགས་པ་དེས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱས་པར་མ་ཟད། ཐ་ན་ས་ཁོངས་གཅིག་ལ་ཁྱབ་འགྱེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། རིམ་བཞིན་མི་མང་པོ་ཞིག་གིས་རི་ཆུ་ནགས་གསུམ་ལ་སྲུང་སྐྱོང་བྱས་ཏེ། མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་འདིར་སྲུང་སྐྱོང་བྱེད་པའི་འདུ་ཤེས་གསལ་བོར་རྟོགས་ཡོད།