སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ལམ་ཁར་ཆས་པའི་རྨ་ལྷོ།

ཁུངས། ཀློག་གྲངས།

སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ལམ་ཁར་ཆས་པའི་རྨ་ལྷོ།

“ལན་ཀྲོའུ་ཡི་གཞིས་སྡོད་པ་ཞིག་ཡིན་ཚེ། རྨ་ཆུ་ནི་རྙོག་པ་ཞིག་ཡིན་པར་འདོད་པ་ལས། རྨ་ཆུའི་སྟོད་རྒྱུད་ནི་སྔོ་དྭངས་ངེར་གནས་པ་སེམས་ལའང་དྲན་མི་སྲིད། དམར་ལམ་ལམ་གྱི་བྲག་རི་སྔོ་དྭངས་དྭངས་ཀྱི་རྨ་ཆུས་བསྐོར་ཡོད་ལ། རི་དང་ཆུ་བོས་ཕན་ཚུན་བརྒྱན་ཡོད། དེ་དག་ནི་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད”ཅེས་ཉེ་སྔོན་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་འཇོན་མི་ཁ་ཤས་ཀྱིས་བརྙན་ཐུང་གི་ལམ་ནས་དེ་ལྟར་བཤད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གནས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་ལྟད་མོ་ལྟ་སའི་མཛེས་ལྗོངས་ལྟ་ན་སྡུག སྔོ་ཞིང་དྭངས་པའི་ཆུ་མོ་དང་དམར་ལམ་ལམ་གྱི་བྲག་རི་གཉིས་ཕན་ཚུན་བརྒྱན་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་གྲུབ་ཡོད།

ཁམས་ར་ལྗོངས་ཁུལ་ལ་ཐུན་མོང་མ་ཡིན་པའི་བྲག་དམར་ས་གཤིས་ཡོད་ལ། རྨ་ཆུའི་ཆུ་རྒྱུན་དང་མཐོ་སྒང་ནགས་ཚལ་གྱི་ཐོན་ཁུངས་ནི་མདོ་དབུས་མཐོ་སྒང་དུ་མཐོང་དཀོན་པའི་མང་འདུས་རང་བཞིན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་གནས་མཆོག་རེད་མོད། འོན་ཀྱང་། སྔོན་ཆད་ཡུལ་དེའི་སྐྱེ་ཁམས་ཉམ་ཆག་ཅིང་སྒྲིག་བཀོད་རྗེས་ལུས་སོགས་ཀྱི་རྒྱུ་རྐྱེན་ཐེབས་པས། ས་ཁོངས་ཀྱི་ས་ཆུ་ཤོར་བ་ཚབས་ཆེ་ཞིང་ལུང་ཆུའི་བཞུར་རྒྱུན་གྱི་སྤུས་ཀ་ཞན། ལྗོངས་ཁུལ་གྱི་སྒྲིག་བཀོད་ཐབས་ཆག་ཡིན་ལ་ལས་རྣམ་རྐྱང་བ་ཡིན་པས་རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ནམ་ཡང་ལྷོད་མིན་བྲིན་མིན་གྱི་ཚུལ་དུ་གནས།

རྨ་ཆུ་སྟོད་རྒྱུད་ཀྱི་རི་སྔོ་ཆུ་དྭངས་ལེགས་པོར་བསྲུང་ཆེད། རྨ་ལྷོ་ཁུལ་གྱིས“སྲུང་སྐྱོང་ཁྲོད་ནས་གསར་སྤེལ་དང་གསར་སྤེལ་ཁྲོད་ནས་སྲུང་སྐྱོང”གི་འཕེལ་རྒྱས་རྩ་དོན་བརྟན་པོར་བསྲུངས་ཏེ། སྤང་ཐང་སླར་གསོ་དང་གྲམ་པ་གཙང་སེལ། ས་ཆུ་སྲུང་འཛིན། ས་གཤིས་རྗེས་ཤུལ་སླར་གསོ་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་བཟོ་འགོད་རབ་དང་རིམ་པ་བསྟུད་མར་ལག་བསྟར་བྱས་ནས། སྐྱེ་ཁམས་དོ་དམ་ཚོད་འཛིན་གྱི་དམར་ཐིག་ནན་ཏན་གྱིས་དབྱེ་བ་དང་གསར་སྤེལ་འཛུགས་སྐྲུན་གྱི་དྲག་ཚད་ནན་འཛིན་བྱས་ཏེ། ཚད་བཀག་ཆེས་ཆེ་བ་ནས་རི་ཆུའི་གདོད་མའི་རྣམ་པ་སྲུང་འཛིན་བྱས། ལོ་ངོ་མང་པོར་སྐྱེ་ཁམས་བཅོས་སྐྱོང་བྱས་པ་བརྒྱུད། སྐྱེ་ཁམས་ཉམ་ཆག་གི་གྲོག་རོང་དང་ཆུ་ལམ་གསར་པ་གསར་རྐྱང་དུ་བསྒྱུར། བྲག་དམར་གཅིག་ཐོག་གཅིག་ཏུ་བརྩེགས་ཤིང་ཆུ་བོ་ལྷུང་ལྷུང་དུ་འབབ་པ་དང་། གཡུ་ལོ་ཐགས་སུ་བཀྲ་བའི་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་དེ“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད།

ལྗོངས་ཁུལ་ནས་ལོ་ངོ་མང་པོར་བརྩོན་པ་བསྐྱེད་མྱོང་བའི་སྣེ་ཤན་པ་གཡང་དཀར་གྱིས་ལྗོངས་ཁུལ་གྱི་འགྱུར་ལྡོག་དངོས་སུ་མཐོང་མྱོང་། “སྔོན་ཆད་ལྗོངས་ཁུལ་དུ་ལྟད་མོ་ལྟ་བའི་ཆ་རྐྱེན་ཧ་ཅང་ཐབས་ཆག་ཡིན། རི་བོར་འགོ་པའི་ལམ་མེད་ལ། མཚོ་གྲུའང་རྙིང་བ་ཡིན། རླངས་འཁོར་སྡོད་ས་དང་གསང་སྤྱོད་ཁང་སོགས་སྒྲིག་བཀོད་ཀྱང་ཐབས་ཆག་ཡིན་པས་ཡུལ་སྐོར་པས་ཡུལ་སྐོར་ཉམས་ལེན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས།”

ད་ལྟ། སྲིད་གཞུང་དང་ཁེ་ལས་ཀྱིས་མཐུན་སྦྱོར་སྒོས་ལྷུ་ཚིགས་སྲ་མོའི་ཞན་ཆ་ཁ་གསབ་དང་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་བའི་གྲུབ་འབྲས་མངོན་གསལ་བླངས། ནུབ་རྒྱུད་གཏེར་ལས་ཚོགས་སྒྲིལ་གྱིས་མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་གཅིག་འབུམ་དྲུག་བཏང་སྟེ། བྱང་ངོགས་གྲུ་ཁའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་ལྟད་མོ་ཤིང་རྐས། ལྗོངས་ཁུལ་རིག་གནས་དོ་དམ་མ་ལག ཁོར་སྲུང་ཡུལ་སྐོར་མཚོ་གྲུ་སོགས་ཀྱི་ལྟེ་གནས་སྒྲིག་བཀོད་འཛུགས་སྐྲུན་བྱས་པར་མ་ཟད་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱས། གཅན་ཚ་རྫོང་གིས་ཆ་སྒྲིག་ཐད་ལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་འབུམ་གསུམ་བཏང་ནས། ཚད་ལྡན་ཅན་གྱི་ཡུལ་སྐོར་གསང་སྤྱོད་ཁང་ལས་པ་དང་སྐྱེ་ཁམས་རླངས་འཁོར་སྡོད་ས་རྒྱ་བསྐྱེད་པ། ཡུལ་ཁོངས་ཡོངས་ཀྱི་བྲག་དམར་བརྗོད་གཞིའི་ལྗོངས་ཁུལ་ལྟད་མོའི་མཚོན་རྟགས་གསར་དུ་བརྗེ་བ་སོགས་ཞིབ་ཆའི་ཐད་ནས་ལྟད་མོའི་ཞབས་ཞུ་བྱེད་ནུས་འཐུས་ཚང་དུ་བཏང་བ་དང་ལྗོངས་ཁུལ་གྱི་ཐེག་ནུས་དང་ཡུལ་སྐོར་པའི་ཉམས་ལེན་ཆུ་ཚད་མཐོར་འདེགས་བྱས།

ལྷུ་ཚིགས་སྲ་མོ་སྤུས་འདེགས་བྱས་པའི་རྨང་གཞིའི་སྟེང་། ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་བསྟུད་མར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྲོལ་རྒྱུན་ལྟད་མོའི་ཡུལ་སྐོར་གྱི་བཀག་རྒྱ་གཏོར། ལྟེ་བའི་ལྗོངས་ཁུལ་གྱི་ལུས་རྩལ་སྤྲོ་གསེང་གྲོང་རྡལ་ཆུང་ཆུང་གི་མདའ་འཕེན་ཁང་དང་ཆུ་རྐྱལ་ཁང་སོགས་ཕྱོགས་ཡོངས་ནས་ཕྱི་ལ་སྒོ་ཕྱེས་ནས་རྒྱུན་རྣམ་ཅན་དུ་རྒྱལ་སྤྱིའི་དབུགས་ལྒང་ཚ་བའི་དུས་ཆེན་དང་། རི་ལམ་དུ་རྐང་ཐང་དུ་བགྲོད་པ། རྨ་ཆུའི་སྐྱེ་ཁམས་ཆུ་གཡེང་སོགས་ཀྱི་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་སྒོ་སྤེལ། དུས་མཚུངས་སུ།“‘ང་ཡིས་ཁམས་ར་རུ་བླ་ཤིང་ཞིག་འཛུགས།’‘རྨ་ཆུར་ཉ་མོ་གཏོང’”སོགས་ཟབ་ཞུགས་རྣམ་པའི་ཉམས་ལེན་ལས་གཞི་གསར་སྐྲུན་བྱས་ཏེ། ཡུལ་སྐོར་པ་རྣམས་ཆུ་ཁུངས་གསོག་འཇོག་དང་སྐྱེ་ཁམས་སྲུང་སྐྱོབ། ཉ་རིགས་གསོ་སྤེལ་སོགས་ཀྱི་བྱ་བའི་ཁྲོད་དུ་ཞུགས་སུ་བཅུག་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཡུལ་སྐོར་གྱི་གོ་རིམ་ཧྲིལ་པོར་འདྲེས་སུ་བཅུག་ལ། ལྟད་མོའི་ཉམས་ལེན་དང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཕྱོགས་གཉིས་ཀྱི་སྩོལ་ནུས་མངོན་འགྱུར་བྱས།

“རྨ་ཆུ་དྭངས་མོ”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་མིང་བྱང་གི་སྙན་པ་རྒྱས་སུ་འཇུག་པ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོང་ར་རྒྱ་བསྐྱེད་ཆེད། རྨ་ལྷོ་ཁུལ་གྱིས་རང་འགུལ་སྒོས་ཞིང་ཆེན་གཞན་པའི་ཡུལ་སྐོར་པའི་ཚོང་རར་འབྲེག་གཏུག་བྱས་ནས། ནུས་ཤུགས་ཡོད་རྒུས་ཁམས་ར་ལྗོངས་ཁུལ་གྱིས་ལོ་རེར་ཡུལ་སྐོར་པ་འབུམ་གསུམ་ལས་བརྒལ་བ་སྣེ་ལེན་བྱེད་པའི་འཕེལ་རྒྱས་དམིགས་འབེན་འགྲུབ་པར་བརྩོན་ལེན་བྱས།

སྤུས་ལེགས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་ཆེན་པོ་བྱུང་སྟེ། རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་ལ་ཕན་ལྡན་གྱིས་སྣེ་ཁྲིད་དེ་མང་ཚོགས་ལ་སྐྱེ་ཁམས་དམངས་ཕྱུག་གི་ཁེ་སྤོགས་ཐོབ་ཏུ་བཅུག

རྨ་ཆུའི་ལྗོངས་ཁུལ་བགྲོད་ལམ་དང་པོ་བརྒྱུད་ནས་མདུན་དུ་སོང་ན། བདེ་སྐྱིད་སྡེ་བ་དང་གླེ་གཞུག་སྡེ་བའི་ཁྱད་ལྡན་རྨ་ཆུའི་དམངས་སྲོལ་མགྲོན་ཁང་དག་རྨ་ཆུའི་འགྲམ་རྒྱུད་དུ་བསྣོལ་མར་ཆགས་ཡོད་ལ། གྲོང་གསེབ་ཀྱི་ཁྱད་ལྡན་ཞོར་ཟས་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་བཤམས་སའི་སྲང་ལམ་ཡོད་ལ། གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་བསྟུད་མར་འཕྱུར་བཞིན་ཡོད།

“ད་ལོའི་ལྔ་གཅིག་གུང་གསེང་དུ་ལྗོངས་ཁུལ་དུ་ཡུལ་སྐོར་པ་འཚང་ཁ་ཤིག་ཤིག་གིས་ཐོན་པ་དང་། ངེད་ཚང་གི་དམངས་སྲོལ་མགྲོན་ཁང་གི་ཁང་མིག་གསུམ་པོའི་ནང་དུ་འགྲུལ་བས་བཀང་། གུང་གསེང་གི་སྐབས་ཁོ་ནར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་བླངས”ཞེས་བདེ་སྐྱིད་སྡེ་བ་རུ་དམངས་སྲོལ་མགྲོན་ཁང་གཉེར་བཞིན་པའི་སྒྲོལ་མས་ཡོང་འབབ་འཕར་བའི་གཏམ་རྒྱུད་བརྗོད། དེ་ནི་རྨ་ལྷོའི་རིག་གནས་ཡུལ་སྐོར་དམངས་ཕྱུག་གི་བསྡུས་གཟུགས་དངོས་མ་རེད།

སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་རྫོང་མཐུག་པའི་རེབ་གོང་གི་མི་ཚུལ་རིག་གནས་ལ་རྐང་ཚུགས་ཏེ། རྨ་ལྷོ་ཡིས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་བསྐྲུན་པ་དང་། “རྨ་ཆུ་དྭངས་མོའི”ཡུལ་སྐོར་རྒྱུད་དང་རྨ་ཆུའི་ཡུལ་ལྗོངས་བགྲོད་ལམ་དང་པོའི་སྲོག་ཤིང་འཕང་སྐུད་ལྟ་བུར་བརྩིས་ཏེ་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཆགས་སྟངས་ལ་གཅིག་གྱུར་་གྱིས་འཆར་འགོད་བྱས།

མིག་སྔར། ཡུལ་དེས་ཞིང་ཆེན་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཡོད་པ་སྟེ། Aརིམ་པའི་ཡུལ་ལྗོངས་ཁུལ“ལྔ་བཅུ་གསུམ”དུས་མཇུག་གི་གནས2ནས25ལ་འཕར་བ་དང་། “མཐོ་སྒང་སཱན་ཡ་ཆུང་བ”རུ་འབོད་པའི་བདེ་སྐྱིད་སྡེ་བ་དང“རྨ་ཆུའི་དམངས་སྲོལ་མགྲོན་ཁང་སྡེ་བ་དང་པོ”རུ་འབོད་པའི་གླེ་གཞུག་སྡེ་བ་སོགས་ཁྱད་ལྡན་གྲོང་གསེབ་སྤུས་རྟགས་གསོ་སྐྱོང་བྱས་ཤིང་། གྲོང་གསེབ་ཡུལ་སྐོར་རྩེ་གྲས་ལམ་ཐིག28བཏོད། དེའི་ནང་རྒྱལ་ཁབ་རིམ་པའི་རྩེ་གྲས་ལམ་ཐིག3ཡོད། ལྟད་མོ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྗོངས་དངོས་བཤམས་སྟོན། སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ལས་རྣམ་གསར་པ་དར་རྒྱས་ཆེན་པོ་བྱུང་སྟེ། རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་བསྟུད་མར་གོང་དུ་འཕེལ།

གཞི་གྲངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་པ་བདེན་དཔང་བྱས་ཡོད། ད་ལོའི་ཟླ5པའི་བར་དུ། རྨ་ལྷོ་ཁུལ་གྱིས་རིམ་བསགས་སྒོས་ཡུལ་སྐོར་པ་མི་ཐེངས་ས་ཡ་གསུམ་འབུམ་བརྒྱད་ཁྲི་བརྒྱ་དགུ་བརྒྱ་སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གཉིས་གྲངས་ཆུང་གཉིས་གཅིག་འཕར་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཉིས་བྱེ་བ་དྲུག་བླངས་པ་དེ་དུས་མཉམ་དང་བསྡུར་ན11.08%འཕར་ཡོད།

སྐྱེ་ཁམས་བཅོས་སྐྱོང་ཆིག་རྐྱང་ནས་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་མཐོར་འདེགས་བར་དང་། ལྟད་མོ་ལྗོངས་ཁུལ་ཆིག་རྐྱང་ནས་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བར། སྔོ་དྭངས་དྭངས་ཀྱི་རྨ་ཆུའི་སྟོད་རྒྱུད་ནི་རྨ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོག་ཤིང་དང་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད།