
—ཧི་ནན་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འཚོལ་ཞིབ་དང་ལག་ལེན།
མདོ་ཁམས་རྨ་ཆུའི་ཁུག་དགུའི་ཁུག་ཀྱོག་དང་པོར་གནས་ཤིང་། ཆ་སྙོམས་མཚོ་འཕགས་སྨི3600ཡོད་པའི་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་སྐྱེ་ལྡན་ཕྱུགས་ལས་ལེགས་གཉེར་བྱས་ནས་ཕལ་ཆེར་མི་ལོ་ཉི་ཤུ་ཙམ་འགོར་ཞིང་། རྒྱུན་མཐུད་ཀྱིས་མཐོ་སྒང་གི་ལྗང་མདོག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ཐད་ལ་རྒྱུགས་ལན་ཡག་ཤོས་བཏབ་ཡོད། རྫོང་འདིས2004ལོར་ཞིང་ཆེན་ཡོངས་སུ་ཐོག་མར་སྐྱེ་ལྡན་ཕྱུགས་ལས་ལ་སྣེ་ཁྲིད་ནས་བཀོད་སྒྲིག་བྱས་པ་དང་། བསྟུད་མར་ལོ19རིང་རྩྭ་ས་མུའུ་ས་ཡ་དགུ་དང་འབུམ་གསུམ་ཁྲི་གཉིས་བདེ་བླག་ངང་སྐྱེ་ལྡན་ཁས་ལེན་དཔང་སྒྲུབ་འཐད་པ་བྱུང་། ཡུན་རིང་བརྟན་སྲུང་གི་གཅིག་འབྲེལ་ཚད་གཞིར་བརྟེན་ནས། རྫོང་ཁོངས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། 2025ལོར་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྐྱེ་ཁམས་ཕྱུགས་ལས་སྲོལ་ཡིག་ཐོག་དང་པོ་དེ་དངོས་སུ་ལག་བསྟར་བྱས་པ་དང་། 2026ལོར་རྩྭ་ཐང་གི་རུ་སྤོར་འབྲོག་ལས་དེ་ཆ་ལག་ཚང་བའི་ངང་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འོས་འདེམས་མིང་ཐོའི་གྲས་སུ་བདམས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་རྒྱབ་ལྗོངས་ཆེན་པོའི་འོག ཧི་ནན་རྫོང་གིས་སྐྱེ་ཁམས་རྨང་གཞིར་བྱེད་པ་དང་རྒྱུ་སྤུས་ལྟེ་བ་བྱས་ཏེ། མཐོ་སྒང་གི་ཐུན་མིན་ཁྱད་ཆོས་ཀྱི་སྐྱེ་ལྡན་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད།
2026ལོའི་ཟླ8པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་འབྲི་གཡག་འབྲོག་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ཚོགས་འདུ་དེ་མཚོ་བྱང་ཁུལ་དུ་འཚོགས་པ་དང་། ཧི་ནན་རྫོང་གིས“ལུག་གཅིག ལོ་གཅིག་ཉོ་ཚོང་། ཁྲོམ་ར་འཛུགས་ཐེངས་གཅིག”ཅེས་པའི་མཚོན་རྟགས་རང་བཞིན་གྱི་ལག་ལེན་གསུམ་ལ་བརྟེན་ནས། ལོ་བཅུ་དགུའི་རིང་དུ་སྐྱེ་ལྡན་ཕྱུགས་ལས་ལེགས་གཉེར་བྱས་པའི་གྲུབ་འབྲས་ཉིང་བསྡུས་སུ་མངོན་པ་དང་། ཐོན་ལས་རིགས་བསྒྱུར་སྤུས་འདེགས་ཀྱི་ཧི་ནན་ས་ཆའི་འཚོལ་ཞིབ་ལ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།
དོན་དངོས་གསུམ་གྱིས་ཐོན་ལས་ཀྱི་ཕན་འབྲས་མངོན་པར་བསྟན་པ་དང་། སྐྱེ་ལྡན་འཕེལ་རྒྱས་ཀྱི་གཞི་མདོག་གསལ་ལྷང་ངེར་བཏང་ཡོད། གཅིག་ནི་སོན་བཟང་རིན་འཕར་རིན་ཐང་མཐོ་རུ་ཕྱིན་པ་དང་དངུལ་རྭའི་ལུག་གཅིག་ལ“ནོར་གྱི་གོང་ཚད”དུ་བཙོང་ཡོད། 2024ལོར། ཧི་ནན་རྫོང་སོག་པོ་དངུལ་རྭའི་ལུག་གསོ་སྤེལ་ར་བའི་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གི་སྤྱི་རྒྱ200ཅན་གྱི་ལོ་གསུམ་ཁྲོམ་ལུག་ལ་མཚོ་སྔོན་དང་ཀན་སུའུ་དང་སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཕྱུགས་རིགས་དཔྱད་བསྡུར་འགྲན་སྡུར་ཆེན་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རིན་ཐང་སྒོར་འབུམ་གཅིག་ལ་སླེབས་ཡོད། མངོན་མཚན་ཆེ་བའི་གྲུབ་འབྲས་དེ་ནི་རྫོང་ཁོངས་ཚད་ལྡན་ཅན་དང་སྐྱེ་ལྡན་ཅན་གྱི་གསོ་སྤེལ་ཁྲོད་ཀྱི་བདེན་དཔང་ར་སྤྲོད་ཅིག་ཡིན་ལ། ལྗང་མདོག་འདེབས་གསོ་ལས་བསྩལ་བའི་སྤུས་ཀ་ལེགས་པའི་ཁེ་སྤོགས་མཚོན་ཡོད།
གཉིས་ནི་ཁྲོམ་རའི་ཉོ་ཚོང་གི་སྤུས་ཚད་མཐོ་རུ་འདེགས་དང་ཤོང་ཚད་རྒྱ་བསྐྱེད་པ་དེས་ལོ་རྒྱུས་ཀྱི་གྲུབ་འབྲས་ལེགས་ཤོས་བཏོད་ཡོད། 2022ལོ་ནས2025ལོའི་བར། ཧི་ནན་རྫོང་ཕྱུགས་ཟོག་ཉོ་ཚོང་ལྟེ་གནས་ཀྱི་ཉོ་ཚོང་གྲངས་འབོར་དེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་བདུན་ནས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་བརྒྱད་བར་འཕར་བ་དང་། ལོ་བཞིའི་རིང་ལྡབ་འགྱུར་ལས་འཕར་བ་མངོན་འགྱུར་བྱུང་ནས། ཕྱུགས་ཟོག་བར་ཁེ་པ་མི་གྲངས་བཅུ་ཕྲག་ཁ་ཤས་ནས་མི་གྲངས470བར་འཕར་ཡོད། ས་དེ་གར“གླིང་ཁུལ་དང་བར་ཁེ་པ། འབྲོག་ཁྱིམ་བཅས་མཉམ་འབྲེལ”གྱི་འཕེལ་རྒྱས་ནང་རྐྱེན་གསར་སྐྲུན་བྱས་ནས། ཉོ་ཚོང་གི་རྩོད་གཞི་མེད་པ་དང་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་མེད་པ། ཞུ་སྦྱོར་མེད་པ་བཅས“མེད་པ་གསུམ”གྱི་ཚོང་གཉེར་ཁོར་ཡུག་བཏོད་པ་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིས་མཆན་བཀོད་མཛུབ་སྟོན་གནང་ནས་ཁས་ལེན་བྱས། 2025ལོར། ཧི་ནན་རྫོང་གི་ཕྱུགས་ཟོག་རིན་གོང་སྟོན་གྲངས་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་རིན་གོང་འཚོལ་བསྡུ་འཕྲིན་སྟེགས་སུ་བཞག་ནས། རྒྱལ་ཡོངས་ཀྱི་ཕྱུགས་ཟོག་ལས་རིགས་ཀྱི་དཔྱད་གཞིར་འཛིན་པའི་ཚད་གཞི་འབའ་ཞིག་ཏུ་གྱུར་ཞིང་། ལས་རིགས་ཀྱི་གཏམ་བརྗོད་དབང་ཆ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
གསུམ་ནི་འཚང་ཁར་གཡོལ་བའི་ཚོང་ར་ཕྱེ་ནས་ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་པ་སྟེ། 2026ལོའི་ཟླ6པའི་ཚེས10ཉིན། ཕྱུགས་ཟོག་ཉོ་ཚོང་ལྟེ་གནས་ལ་སྔ་སྣུར་གྱིས་ཟླ་གཅིག་གི་སྔོན་དུ་སྒོ་བྱང་བཀལ་ནས་ཚོང་སྒོ་ཕྱེས་པ་དང་། ཁྲོམ་རའི་སྐར་ཁུང་དུས་སྐབས་གནད་ལ་ཁེལ་བའི་ངང་དམ་འཛིན་བྱས་པ་རེད། ཟླ8པའི་ཚེས3ཉིན་གྱི་བར་དུ། ལྟེ་གནས་ཀྱི་ཉོ་ཚོང་གྲངས་འབོར་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་འབུམ་ལྔ་དང་ཁྲི་བདུན་ལ་སླེབས་པ་དེ་དུས་མཉམ་དང་བསྡུར་ན་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་དང་ཁྲི་གཉིས་འཕར་སྣོན་བྱུང་ཡོད། མངོན་མཚན་ཆེ་བའི་གཞི་གྲངས་འཕར་མ་དེས་སྔ་སྣུར་དུ་ཚོང་སྒོ་ཕྱེ་བའི་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་ལ་དག་བཤེར་ར་སྤྲོད་བྱས་པ་དང་། ཁྲོམ་རའི་འདུས་འདྲིལ་འགྱེད་འཕྲོ་ནུས་པ་མངོན་ཞིང་། བརྒྱུད་བགྲོད་ཀྱིས་ཉོ་ཚོང་བརྒྱུད་རིམ་ལེགས་སྒྱུར་དང་ཞབས་ཞུའི་ཕྱོད་ནུས་མཐོ་རུ་བཏེགས་པ་བརྒྱུད། ཚོང་དུད་ཀྱི་གཉེར་སྐྱོང་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་པ་དང་། ཕྱུགས་ཟོག་ཕན་མཐོའི་འགྲོས་རིམ་ཇེ་མགྱོགས་སུ་བཏང་ཡོད།
མངོན་མཚན་ཆེ་བའི་གྲུབ་འབྲས་ཀྱི་རྒྱབ་ལོགས་སུ། ཧི་ནན་རྫོང་གི་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་རྨང་གཞི་བཀན་མོ་ཡོད། ཤོ་དོ་འབྲི་གཡག་དང་། དངུལ་རྭའི་ལུག་དང་། རྨ་ཆུའི་རྟ་བཅས་ལ“ཧི་ནན་གྱི་རིན་པོ་ཆེ་གསུམ”ཞེས་ཚང་མར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་ཐོབ་པ་དང་། རྒྱལ་ཁབ་ཀྱི་ཕྱུགས་བྱའི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་ཀྱི་མིང་ཐོའི་ནང་བཀོད་པ་རེད། 2022ལོར། ཤོ་དོ་འབྲི་གཡག་དེ་རྒྱལ་ཡོངས་ཀྱི“རྫས་གསུམ་རྟགས་གཅིག”གི་དཔེར་མཚོན་དཔེ་གཞི་རུ་བདམས་ཐོན་བྱུང་། 2025ལོར། རོན་ཞིན་ཤ་ཟས་ཁེ་ལས་ལ་སྐྱེ་ལྡན་རྩྭ་ར་དང་། སྐྱེ་ལྡན་ནོར་ལུག་ཤ སྐྱེ་ལྡན་བཤས་ར་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོར་སྐྱེ་ལྡན་ཁས་ལེན་དཔང་སྒྲུབ་བྱས་ནས། ཁས་ལེན་དཔང་སྒྲུབ་ཀྱི་གཞི་ཁྱོན་ཏུན་དྲུག་བརྒྱ་སོ་བརྒྱད་དང་གྲངས་ཆུང་ལྔ་བཞི་རུ་སླེབས་ཡོད་པ་རེད། ལོ་དེར། ཧི་ནན་རྫོང་ཚེགས་མེད་བདེ་བླག་ངང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་རྫོང་གཅིག་པུ་ཞེས་པའི་གསར་འཛུགས་མིང་ཐོའི་ནང་བདམས་ཐོན་བྱུང་བས། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་ནས་ཇེ་བརྟན་དུ་གྱུར་ཡོད།
གཏིང་ཤུགས་གཙོ་བོ་གསུམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་པ་སྟེ། རྔམ་མཐུག་པའི་ལྗང་མདོག་སྐྱེ་ཁམས་ནི་འདེགས་སྐྱོར་གཙོ་བོ་རེད། ཧི་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་མཚན་སྙན་ཐོབ་ཡོད་པའི་རྫོང་ཁོངས་ཁོ་ན་ཡིན་ལ། 2026ལོའི་ཟླ7པར། རྫོང་ཁོངས་སུ་གཟའ་འཁོར་གཅིག་གི་ནང་བསྟུད་མར་རྒྱལ་ཁབ་རིམ་པའི་རྩྭ་ཐང་སྐྱེ་ཁམས་རིག་གཞུང་བགྲོ་གླེང་ཐེངས་གཉིས་ལ་སྤེལ་བ་དང་། སློབ་གླིང32ནས་ཡོང་བའི་ཡོན་ཏན་པ་དང་ཆེད་མཁས་པ260གནས་དེ་རུ་འཛོམས་པས།རིག་གཞུང་གི་ཤུགས་རྐྱེན་རྒྱལ་ཡོངས་རྫོང་ཁོངས་ཀྱི་སྔོན་གྲས་སུ་ཚུད་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཀྱི་གོམ་པ་སྤོས་པ་ཆེས་སྔ་བ་དང་ཁས་ལེན་དཔང་སྒྲུབ་བྱེད་ཡུན་ཆེས་རིང་བ། ཁེབས་རྒྱ་ཆེས་ཡངས་པའི་ས་ཁུལ་ཞིག་ཡིན། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དེས་སྲོག་ཤིང་གི་སྒུལ་ནུས་བསྩལ་བས། རྫོང་ཁོངས་ཀྱིས་རྨ་ལྷོ་ཁུལ་གྱི་ཐོན་ལས་ཁྱབ་ཚུལ་དང་དམ་དུ་སྦྲེལ་ཏེ།“གནམ་གྱིས་བསྩལ་བའི་སོག་རྫོང”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་། གཙོ་གནད་གྲོང་ཁྱེར་མང་པོར་སྔོན་སྒྲིག་མཛོད་དང་ཐད་འཚོང་ཁང་བཙུགས་ཤིང་། 2026ལོའི་ལོ་སྟོད་དུ་ནོར་ལུག་བཤས་ཁོངས་སུ་གཏོང་ཚད་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དྲུག་དྲུག་འཕར་བས། རྨ་ལྷོ་ཁུལ་གྱི་ཤ་དང་འོ་མ། སྐྱེ་ལྡན་ལུད་བཅས་ཐོན་ལས་གཙོ་བོ་གསུམ་གྱི་ཐོན་ཡུལ་གལ་ཆེན་དུ་གྱུར་ཡོད། ལས་རིགས་བརྒལ་ཏེ་མཉམ་འདྲེས་བྱས་པའི་ནུས་ཤུགས་ཀྱིས་འཕེལ་རྒྱས་ཀྱི་གསོན་ཤུགས་བསླངས། མཚོ་སྔོན་དང་ཀན་སུའུ་དང་སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་ཡིན་པའི་གནས་ཡུལ་གྱི་དགེ་མཚན་དེས་ཕྱུགས་ཟོག་ཉོ་ཚོང་གི་ཐད་ལ་སྦྲེལ་ཟམ་བཙུགས་པ་དང་། 2025ལོར་ཕྱུགས་ཟོག་ཉོ་ཚོང་བྱས་པའི་གྲངས་འབོར་ཕལ་ཆེར་སྒོར་དུང་ཕྱུར9ཙམ་ལ་སླེབས་པར་བརྟེན། སྐྱེ་ཁམས་ཁས་ལེན་དཔང་སྒྲུབ་ཀྱི་དགེ་མཚན་དེ་ཐོན་ལས་མཉམ་འདྲེས་ཁེ་སྤོགས་སུ་བསྒྱུར་བའི་ཆ་རྐྱེན་ལེགས་པོ་འཛོམས་ཡོད།
འཁོར་རྒྱུག་ཨ་ལོང་བཞི་ལག་བསྟར་བྱས་པར་བརྟེན་ནས་ཧི་ནན་རྫོང་གིས་སྐྱེ་ལྡན་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། འགོ་ཁུངས་ཀྱི་སྐྱེ་ལྡན་ཚད་གཞི་ཅན་གཏིང་ཟབ་ཏུ་བཏང་ནས། སྐྱེ་ལྡན་ཁས་ལེན་དཔང་སྒྲུབ་རྩྭ་ར་ནས་ཕྱུགས་ཟོག་དང་གསོ་སྤེལ། ལས་སྣོན་བཅས་ཀྱི་གོ་རིམ་ཧྲིལ་པོར་སྐུལ་འདེད་བཏང་བས། ཐོན་རྫས14ལ་སྐྱེ་ལྡན་དང་ལྗང་མདོག་ཟས་རིགས་ཀྱི་ཁས་ལེན་དཔང་སྒྲུབ་ཉིས་བརྩེགས་ཐོབ་པ་དང་། སྐྱེ་ཁམས་ཐོན་རྫས330ལྷག་ཡོད། 2026ལོར་ཁྱབ་བསྒྲགས་བྱས་པའི“གནམ་གྱིས་བསྩལ་བའི་སོག་རྫོང”ཟོང་རྟགས་ཀྱི་དབང་ཟིལ་ལྡན་པའི་ཞིབ་བཤེར་སྙན་ཞུ་ལས་མངོན་པ་ལྟར་ན། ཤོ་དོ་སྐམས་ཤར་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ཤ་སྤུས་ཤིན་ཏུ་ལེགས་པ་དང་། དམིགས་ཚད་མང་པོ་ཞིག་ལྗར་པན་ཧོ་ནོར་གྱི་ཤ་ལས་ཀྱང་མཐོ་བས། མཐོ་སྒང་ཕྱུགས་ལས་ཐོན་རྫས་ཀྱི་རིན་ཐང་མ་ལག་བསྐྱར་བསྐྲུན་བྱས་ཡོད། ལས་སྣོན་སྦྲེལ་ཐག་སྔར་ལས་ཇེ་ལེགས་དང་ཇེ་ཞིབ་ཏུ་བཏང་བས། རྫོང་ཁོངས་ཀྱི་ཁེ་ལས་མང་པོར་ཞང་ཀངSTCཁས་ལེན་དཔང་སྒྲུབ་ཐོབ་པ་དང་། ཁྱད་ལྡན་ཐོན་རྫས་གསར་པ30ལྷག་རང་བདག་གིས་གསར་སྤེལ་བྱས་ཤིང་། ལུག་བལ་ཞིང་ཆེན་རིམ་པའི་ཚད་གཞི་ཅན་གྱི་ཚོད་ལྟ་རུ་བདམས་ལ། ཁྱད་ལྡན་ཤ་སྐམས་བདེ་བླག་གིས་མ་ལེ་ཞི་ཡ་རུ་ཕྱིར་འཚོང་བྱས་པས། ཕྱི་རྒྱལ་ཚོང་རའི་སྒོ་མོ་བདེ་བླག་གིས་ཕྱེས། འཁྱགས་སྦྲེལ་དངོས་དབོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་དང་ཁུལ་རིམ་པའི་འཁྱགས་སྦྲེལ་མཛོད་ཉར་ཐོན་ཁུངས་ལ་བརྟེན་ནས། རིག་ནུས་ཅན་གྱི་ཉོ་ཚོང་སྦྲེལ་ཟམ་བཙུགས་པ་དང་། སྔོན་གཏོང་མཛོད་ཀྱི་ཕྱིར་འཚོང་དྲ་བ་བཙུགས་ནས། མཐོ་སྒང་གི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་དུས་ཚོད24ཡི་རིང་ལ་ཐད་ཀར་རྒྱལ་ཡོངས་ཀྱི་ཚོང་ར་སོ་སོར་ཐོན་པ་མངོན་འགྱུར་བྱུང་། སྣ་མང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ་དང་། རྩྭ་ཐང་དང་བརླན་ས་སོགས་སྐྱེ་ཁམས་ཐོན་ཁུངས་བསྡུ་སྒྲིལ་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་བཏོད་དེ། ཀུན་གྱིས་དོ་སྣང་བྱེད་པའི་ཕྱོགས་བསྡུས་སྒྱུ་རྩལ་ལ་བརྟེན་ནས་རྫོང་ཁོངས་ཀྱི་སྐད་གྲགས་མཐོ་རུ་བཏང་། སློབ་གླིང་དང་ས་གནས་ཀྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཚན་ཞིབ་རྟེན་གཞི8ལ་སྒོ་བྱང་བཀལ་བ་དང་། རིག་ནུས་ནོར་གནག་ཉོ་ཚོང་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཁུངས་འདེད་དང་རིམས་འགོག འགན་བཅོལ་བཅས་ཀྱི་ཚད་གཞི་མང་པོ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས།
འཕེལ་རྒྱས་གསར་པའི་དུས་རིམ་ལ་རྐང་བཙུགས་ཏེ། ཧི་ནན་རྫོང་གིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་པ་དང་། ཐོན་ལས་སྤུས་འདེགས་རིམ་སྤར་ཡོང་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་། མཚོ་སྔོན་དང་ཀན་སུའུ་དང་སི་ཁྲོན་བཅས་ཞིང་ཆེན་གསུམ་དུ་སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་གཏན་འབེབས་ལྟེ་གནས་བཙུགས་པ་དང་། མུ་ཕྲེང་ཧྲིལ་པོའི་ཐོན་ལས་འཁོར་རྒྱུག་བཙུགས་ནས།ལས་རིགས་ཀྱི་ཚད་གཞི་དང་རིན་གོང་གཏན་འབེབས། སྤུས་རྟགས་བཅས་ཀྱི་གཏམ་བརྗོད་དབང་ཆ་ཁོང་དུ་ཆུད་པར་བྱས།“གནམ་གྱིས་བསྩལ་བའི་སོག་རྫོང”ཞེས་པའི་སྤུས་རྟགས་རྒྱལ་ཡོངས་ཀྱི་ཚོང་ར་ཆེན་མོར་ཞུགས་པ་དང་། ཞིང་ཆེན་རིམ་པའི་སྤུས་རྟགས་མ་ལག་ཏུ་འདྲེས་སུ་བཅུག་སྟེ། འཛད་སྤྱོད་མཐོན་པོའི་ཚོང་ར་ལེགས་གཉེར་བྱས། རུ་སྤོར་འབྲོག་ལས་ཀྱི་ཞིབ་འཇུག་གླེང་སྟེགས་དེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བསམ་བློའིIPརུ་བསྐྲུན་པ་དང་། རིག་གནས་ཞིབ་འཇུག་བགྲོ་གླེང་དང་ཐོན་ལས་སྦྲེལ་མཐུད་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་རུ་སྤོར་འབྲོག་ལས་དཔལ་ཡོན་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་བཏོད་ཡོད།
ལོ་ངོ19ཡི་རིང་ལ་སྐྱེ་ལྡན་འགྲན་རར་ཟབ་ཞུགས་བྱས་པས། ཧི་ནན་རྫོང་གིས“ཁས་ལེན་དཔང་སྒྲུབ་ཡོད་པ”ནས“ཚད་གཞི་ཡོད་པའི”བར་དང་།“གདོད་མའི་རྒྱུ་ཆ་བཙོང་བ”ནས“སྤུས་རྟགས་བཙོང་བའི”བར།“ཚོང་ར་ཡོད་པ”ནས“གཏམ་བརྗོད་དབང་ཆ་ཡོད་པའི”བར་དུ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། རྨ་ཆུའི་འགོ་ཁུངས་ཀྱི་ཁུག་སོ་དང་པོ་རུ་མཐོ་སྒང་སྐྱེ་ལྡན་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད། །