
ཉེ་ཆར། ང་ཚོ་བཀྲ་ཤིས་ཚེ་རིང་དང་མཉམ་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་བྲག་རྫོང་དུ་སྐོར་གཡེང་བྱེད་པར་སོང་བ་ཡིན།
ཐེམ་ཆེན་བྲག་རྫོང་གི་ཁྲ་གོར་ལུང་པར་འབྱོར་སྐབས་བཀྲ་ཤིས་ཚེ་རིང་གིས་མིག་མདུན་ན་དྲང་ཐད་དུ་ཡོད་པའི་རི་བོ་འགར་མཛུབ་མོ་སྟོན་ཞོར་དེ་རིང་དེ་གར་སྐོར་གཡེང་བྱ་རྒྱུ་ཡིན་ཞེས་བཤད། མིག་མདུན་གྱི་འགྲོ་ལམ་ནི་ཚེར་མ་ཡིས་ཁེངས་པའི་སྡོང་ཕྲན་ནགས་རྫོབ་ཡིན་པས། གོམ་པ་སྤོ་སྐབས་སེམས་ཆུང་བྱེད་དགོས།
བཀྲ་ཤིས་ཚེ་རིང་མགྱོགས་མྱུར་ངང་མདུན་དུ་ཕྱིན་ཅིང་། ལམ་དེ་རིགས་ལ་ཁོ་རང་སྔ་མོ་ནས་གོམས་ཡོད་པས་ཡུན་རིང་མ་སོང་བར་ང་ཚོ་རྒྱབ་ཏུ་བསྐྱུར་ནས་རི་རྩེར་སླེབས་ཏེ་རྒྱུན་ལྡན་གྱི་སྐོར་གཡེང་ལེགས་འགྲུབ་བྱུང་ཡོད། ཁོའི་སྐོར་སྲུང་ས་ཁོངས་སུ། དེ་ནི་ཆེས་སྟབས་བདེ་བའི་ལམ་ཐིག་ཅིག་རེད།
རི་དྭགས་གནའ་བའི་ལུས་མདོག་དང་རྫ་བྲག་གི་ཁ་དོག་གཅིག་ཏུ་འདྲེས་པའི་ཁར་གནའ་བ་རྣམས་རྒྱུན་ཆད་མེད་པར་འགུལ་སྐྱོད་བྱེད་བཞིན་ཡོད་པས། ང་ཚོས་གྲངས་ཀ་ཇི་ལྟར་བརྩི་དགོས་པ་ཁོང་དུ་ཆུད་དཀའ། “སྔོན་ལ་གཡོན་ནས་གཡས་ལ་བརྩི་བ་དང་། དེ་ནས་གཡས་ནས་གཡོན་ལ་བརྩི་དགོས”ཞེས་བཀྲ་ཤིས་ཚེ་རིང་གིས་ཁྲིད་པ་ལྟར་བརྩིས་པ་ན་ང་ཚོས་བརྩིས་པའི་གྲངས་ཀའང་ཕལ་ཆེར་ཐོ་ཐུག་བྱུང་།
“རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་འཕྲད་སྐབས་ལོ་མང་པོར་བསགས་པའི་ཉམས་མྱོང་ལ་བརྟེན་ནས་སྔོན་ལ་ཧྲིལ་གྲངས་ལ་བརྟེན་ནས་མ་དཔེ་དབྱེ་འབྱེད་བྱེད་པ་དང་དེ་ནས་འགུལ་སྐྱོད་མ་དཔེ་ལ་བརྟེན་ནས་རྩིས་རྒྱག་དགོས”ཞེས་བཀྲ་ཤིས་ཚེ་རིང་གིས་བཤད།
བཀྲ་ཤིས་ཚེ་རིང་ཚང་ནི་ཐེམ་ཆེན་རྫོང་མཁར་དམར་ཞང་རྡོར་རྩིག་སྡེ་བར་ཡོད། 2025ལོའི་ཟླ7པར། ཁོ་རང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཐེམ་ཆེན་རྫོང་དོ་དམ་ཡན་ལག་ཅུས་མཁར་དམར་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་དང་། བདག་སྐྱོང་ས་ཁོངས་ནི་པུ་ཧ་ཆུ་བོའི་འབབ་རྒྱུད་རེད།
2025ལོའི་ཟླ7པར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཐེམ་ཆེན་དོ་དམ་ཡན་ལག་ཅུས་བཙུགས་ནས་སྔོན་ལ་སྲུང་སྐྱོང་ས་ཚིགས3བཙུགས། ཅུས་ཀྲང་གཞོན་པ་གཡུང་དྲུང་རྒྱལ་གྱིས་བཤད་རྒྱུར། “དེ་སྔ་ཐེམ་ཆེན་རྫོང་ཁོངས་ཀྱི་པུ་ཧ་ཆུ་བོའི་འབབ་རྒྱུད་དུ་ཆེད་མངགས་སྐོར་སྲུང་གཡེང་ཞིབ་བྱ་རྒྱུ་མེད་ཀྱང་ད་སྐབས་དྲ་མིག་ཅན་གྱི་དབྱེ་ཁུལ་དོ་དམ་སྲུང་སྐྱོབ་མངོན་འགྱུར་བྱུང་ནས་ཅུས་དང་ས་གནས་མཉམ་ལས་ཀྱི་ནང་རྐྱེན་སྔར་བས་འཐུས་ཚང་དུ་ཕྱིན་ཡོད”ཟེར།
ཆེད་ལས་སྐྱེ་ཁམས་བདག་སྐྱོང་པར་མ་གྱུར་གོང་བཀྲ་ཤིས་ཚེ་རིང་ནི་སྐྱེ་ཁམས་དང་བླངས་པ་ཞིག་ཡིན་པས་ས་གནས་དེ་གའི་མི་མང་པོ་ཞིག་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད།
“ང་ཚོས་སྐོར་གཡེང་དང་ཟིན་ཐོ་བསྐྱར་ཟློས་བྱེད་དོན་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་འཚོ་གནས་ཐུབ་པ་བྱ་ཆེད་ཡིན”ཞེས་བཀྲ་ཤིས་ཚེ་རིང་དང་ལས་རོགས་ཚོས་སྐོར་གཡེང་བྱེད་སྐབས་རང་བྱུང་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས་ཁ་གཏད་ཕྱོགས་ཀྱི་སྐོར་གཡེང་བྱེད་སྟངས་ལ་བརྟེན་ནས་བདེ་འཇགས་ཀྱི་བར་ཐག་བསྲུངས་ཡོད།
བཀྲ་ཤིས་ཚེ་རིང་ཉིན་ལྟར་སྐོར་གཡེང་ལ་འགྲོ་དགོས་པས་ལས་ཀར་དཀའ་ལས་ཁག་པོ་ཡོད། ལམ་ཐག་རིང་པོ་བགྲོད་དགོས་པར་མ་ཟད་གཅན་གཟན་དང་འཕྲད་པའི་ཉེན་ཁ་ཆེན་པོའང་ཡོད། ཐེངས་ཤིག་བཀྲ་ཤིས་ཚེ་རིང་རི་མགོར་སྐོར་གཡེང་དུ་འགྲོ་སྐབས། སེམས་པ་གཞན་ལ་མ་གཡེང་བར་མདུན་གྱི་ལམ་ཕྲན་དེད་ནས་སོང་། མཚམས་ཤིག་ལ་མགོ་བོ་བཀྱགས་ནས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན་དྲེད་མོང་ཞིག་ཁོ་དང་བར་ཐག་སྨི་གསུམ་ཙམ་གྱི་མཚམས་སུ་ལངས་འདུག་པ་མཐོང་། སྐབས་དེར“ཁོ་རང་སྐྲག་ནས་ཧོན་ཐོར་ལ་ཁད་བྱུང་ནའང་། འོན་ཀྱང་དྲེད་མོང་ལ་འདྲོག་མི་སློང་བའི་ཆེད་དུ་ཁོ་དལ་གྱིས་ཕྱིར་ནུར་ཏེ། དྲེད་མོང་གིས་མི་མཐོང་ས་ཞིག་ཏུ་སླེབས་རྗེས་མྱུར་དུ་རི་འདབས་ལ་བྲོས་པ་ཡིན།”
བཀྲ་ཤིས་ཚེ་རིང་ལ་ལས་འགན་གལ་ཆེན་གཞན་ཞིག་ཀྱང་ཡོད་དེ། དེ་ནི་ཁྲ་གོར་ལུང་པའི་ནང་བཞག་པའི་དམར་ཕྱིའི་འོད་ཀྱི་པར་ཆས་ལ་ལྟ་ཞིབ་བྱ་རྒྱུ་དེ་རེད། ཁོའི་དམར་ཕྱིའི་འོད་ཀྱི་པར་ཆས་དེ་བྲག་ལྡེབས་ཀྱི་ཉེ་སར་རྡོ་ཞིག་ལ་གཏད་ནས་བཞག་ཡོད། ཁོས་གཟབ་གཟབ་ངང་པར་ཆས་ཚུར་བླངས་ཏེ་སྲོག་ཆགས་པར་བླངས་ཡོད་མེད་ལ་ལྟ་ཞིབ་བྱས། པར་ཆས་འཇོག་སའི་གཤམ་ནི་ཏག་ཏག་རི་སྐྱེས་སྲོག་ཆགས་ཀྱི་རྒྱུ་ལམ་རེད།
སྐྱེ་ཁམས་བདག་སྐྱོང་པར་གྱུར་རྗེས་བཀྲ་ཤིས་ཚེ་རིང་གིས་དམར་ཕྱིའི་འོད་ཀྱི་པར་ཆས་སྤྱོད་འགོ་བརྩམས། ཁོའི་བསམ་པར་པར་ཆས་དེ་ཡོད་རྗེས་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དེ་བས་སྟབས་བདེར་གྱུར་ཡོད། “དེ་སྔ་སྐོར་གཡེང་བྱེད་སྐབས་སྟེས་དབང་གིས་ཤེས་རྟོགས་བྱུང་བ་ཡིན་མོད་ད་ཆ་དེ་བས་ཡང་དག་པའི་གཞི་གྲངས་ཡོད་པ་མ་ཟད། ད་དུང་མཐོང་མ་མྱོང་བའི་རི་སྐྱེས་སྲོག་ཆགས་དེ་བས་མང་པོ་དབྱེ་འབྱེད་ཐུབ་ཀྱི་ཡོད།” ཟླ4པར་གནས་དེར་བཀོད་སྒྲིག་བྱས་རྗེས་དམར་ཕྱིའི་པར་ཆས་ཐེངས་བཞི་ལ་བརྗེས་ཡོད།
སྐོར་གཡེང་བྱེད་པའི་ལམ་བར་དུ་བར་ཐག་སྨི2ཀྱང་མི་ཟིན་པའི་མཚམས་སུ། རྫ་བྲ་ཞིག་ང་ཚོའི་མདུན་ནས་ཤར་སེ་བརྒྱུགས་སོང་། བཀྲ་ཤིས་ཚེ་རིང་གིས་ད་སྐབས་རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་དུ་ཕྱིན་ཡོད། སྐོར་ཞིབ་བྱེད་སྐབས་ལམ་བར་དུ་སྦྲེ་རྒྱུན་དུ་མཐོང་རྒྱུ་ཡོད་པར་མ་ཟད། སྤྱང་ཁྱུ་དང་འཕྲད་མྱོང་། གཡི་ཡང་པར་ལེན་མྱོང་ལ། སྦྲེ་ཡིས་ཁྲི་ལེ་བདའ་འདེད་བྱེད་བཞིན་པ་བཅས་ལ་འཕྲད་མྱོང་། དེ་མིན་གསའ་ཡང་ཐེངས་གཉིས་ལ་མཐོང་མྱོང་ཞེས་བཤད།
“ངའི་སྐོར་གཡེང་ས་ཁོངས་ནི་སྤྱི་ལེ་གྲུ་བཞི་མ1100ཡིན་པ་དང་། སྡོང་ཕྲན་ནགས་རྫོབ་དང་། བརླན་ས། ཆུ་བོ། གངས་རི་སོགས་ཡོད་པར་མ་ཟད། རི་སྐྱེས་སྲོག་ཆགས་ཁྱབ་ཚུལ་དོ་སྙོམས་ཡོད་པས་ཟས་རིགས་མུ་ཕྲེང་ཆ་ཚང་ཞིག་ཆགས་ཡོད”ཅེས་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད།
བཀྲ་ཤིས་ཚེ་རིང་གིས་ཆུང་དུས་ནས་དེ་གར་འཚོ་བ་རོལ་བས་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རང་སྟོབས་ཀྱིས་སྤེལ་བའི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཁོས་རྐང་བཙུགས་ནས་རི་སྐྱེས་སྲོག་ཆགས་ཀྱི་རྗེས་ཤུལ་གཏན་ནས་འཚོལ་གྱི་མེད། “བར་ཐག་འོས་འཚམ་ཞིག་རྒྱུན་སྲུང་བྱེད་པ་ལས་བར་ཆད་མི་བཟོ་བ་དེ་ནི་སྲུང་སྐྱོབ་ཡག་ཤོས་ཡིན”ཞེས་བཀྲ་ཤིས་ཚེ་རིང་གིས་བཤད།