

བྱེ་མའི་ཁུག་ལ་བསིལ་རླུང་གཡུག་པའི་སྐབས།། སྐྱེ་ཁམས་མཛེས་ལྗོངས་ལྷག་ཏུ་ལྟ་ན་སྡུག།
མཚོ་སྔོན་པོའི་བྱང་འགྲམ་གྱི་གསེར་གྱི་བྱེ་མའི་མུ་འབྲེལ་དེ་སྔོན་མ་ནང་བཞིན་མཛེས་པར་མངོན་ཞིང་། རི་ཆུའི་བར་དུ་སྔ་ས་ནས་རྣམ་པ་གསར་པ་ཞིག་མངོན་པར་བཏོད་ཡོད། མཚེའུ་དང་བྱེ་མ་ནི་མཛེས་ལྗོངས་ཁོ་ན་ཙམ་མ་ཡིན་པར། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐོན་ཁུངས་ཀྱི་ལྷན་སྐྱེས་དངོས་གྲུབ་ཅིག་རེད།
བྱེ་གཞུང་དང་མཚེའུ་ཆེན་པོ་ཕན་ཚུན་འཁྱུད་ནས། ལོ་རེའི་ཟླ6པའི་ཟླ་སྨད་ནས་ཟླ8པའི་བར་ནི། སྙན་ངག་གི་དོན་གྱིས་ཕྱུག་ཅིང་ཉམས་འགྱུར་ཕུན་སུམ་ཚོགས་པའི་ལྗོངས་གཟིགས་དུས་ཚིགས་ཤིག་རེད། བྱེ་མའི་ཁུག་གི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པ་མང་པོ་ཡོད་པ་དང་། བྱེ་ཆུ་མཉམ་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཁྲོད་མཐོ་སྒང་གི་སྐྱེ་ཁམས་མཛེས་སྡུག་དང་འཕྲད་དེ་མཐོང་ལམ་དུ་འཆར་ཡོད། ཕྱི་དྲོའི་དུས་སུ། མི་ཚོགས་རིམ་བཞིན་ཇེ་མང་དུ་སོང་ནས་མཛེས་ལྗོངས་ལྟ་སྐོར་ཁུལ་གྱི་སྒོ་འགྲམ་གྱི་ཟ་ཁང་དང་། ཡུལ་སྐོར་པར་ལེན་ཚོང་ཁང་། རིག་གནས་གསར་གཏོད་ཚོང་ཁང་བཅས་ལ་འདུ་ལོང་གི་འཁྲུག་ཆ་དོད་ཅིང་། སྐྱེ་ཁམས་ཡུལ་སྐོར་གྱི་གནས་ཀུན་ལ་གསོན་ཤུགས་རབ་ཏུ་འཕེལ་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཆིན་ཁུག་གཞུང་གྲོང་རྡལ་ཟུར་གསུམ་མཁར་སྡེ་བའི་སྡེ་མི་སྙན་དབྱངས་དང་གཅུང་མོ་གཉིས་ཀྱིས་མཛེས་ལྗོངས་ལྟ་སྐོར་ཁུལ་དུ་དམངས་ཕན་ཞབས་ཞུའི་ཚོང་ཁང་ཞིག་གཉེར་བཞིན་ཡོད་ཅིང་། ད་ལོ་ནི་ཚོང་ཁང་གཉེར་བའི་ལོ་གསུམ་པ་རེད། ཟླ6པ་ནས་བཟུང་། ཉིན་རེར་ཆ་སྙོམས་ཀྱིས་ཚོང་གཉེར་ཡོང་འབབ་བརྟན་པོའི་ངང་སྒོར500ཡས་མས་ལེན་ཐུབ་ཀྱི་ཡོད་ལ། མཛེས་ལྗོངས་ལྟ་སྐོར་ཁུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་བརྟེན་ནས། ཡོང་འབབ་ལོ་རེ་བཞིན་གོང་ནས་གོང་དུ་འཕར་བཞིན་ཡོད།
བརྟན་བརླིང་གི་བདེ་སྐྱིད་དེ་ནི་སྙན་དབྱངས་ཀྱིས་སྔོན་ཆད་ཡིད་ལའང་དྲན་མི་ཕོད་པ་ཞིག་རེད། ལོ་འགའི་སྔོན་དུ། བྱེ་མའི་ཁུག་གི་ས་ཁོངས་འགྲམ་རྒྱུད་ཀྱི་གཉེར་སྐྱོང་བཀོད་པ་གོ་རིམ་མེད་པར་ཟིང་ཉོག་ཐར་ཐོར་ཡིན་པ་དང་། རིགས་འདྲ་མིན་གྱི་གཉེར་སྐྱོང་བྱེད་སྒོ་སྣ་ཚོགས་ལ་གཅིག་གྱུར་ཚད་ལྡན་གྱི་ཚོད་འཛིན་ལེགས་པོ་ཞིག་བཟོས་མེད་པས། ས་ཁོངས་ཀྱི་རང་བྱུང་སྐྱེ་ཁམས་རྨང་གཞིར་གཏོར་བརླག་ཐེབས་དང་ཐེབས་བཞིན་ཡོད་ཅིང་། སྐྱེ་ཁམས་མ་ལག་ཐམས་ཅད་སྔར་ལས་ཞན་འགྱུར་ཚབས་ཆེ་རུ་ཕྱིན་ཡོད།
ལོ་ན་གཞོན་དུས། སྙན་དབྱངས་དང་མོའི་ཁྱོ་ག་གཉིས་ཀྱིས་དེ་གར་ཆ་ཚང་བའི་གཉེར་སྐྱོང་རང་བཞིན་གྱི་ལས་གཞི་ལ་མ་དངུལ་གཏོང་འཇོག་བྱས་པར། བརྟན་བརླིང་གི་ཁེ་བཟང་ཞིག་མ་ཐོབ་པས་མི་ཚད། དེ་ལས་ལྡོག་སྟེ་གྱོང་གུན་ཚབས་ཆེན་ཕོག་པའི་སྟབས་ཀྱིས། ནང་མི་ཚང་མས་ཀྱང་ཅི་ཡིན་ཧ་མ་གོ་བར་མགོ་འཐོམས་པའི་སྣང་བ་བན་བུན་སྐྱེས་ཡོད། སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འགལ་ཟླ་དེར་གདོང་གཏད་ནས། ས་ཁོངས་སྐྱེ་ཁམས་གཏིང་ཟབ་པའི་སྒོ་ནས་བཅོས་སྐྱོང་བྱེད་འགོ་བརྩམས་པ་དང་། གོ་རིམ་མེད་པའི་ལས་རྣམ་མཐའ་དག་ཕྱོགས་ཡོངས་ནས་གཙང་སེལ་བྱས་པས། སྐྱེ་ཁམས་ཁོར་ཡུག་ལ་སླར་ཡང་གསོན་ཤུགས་རྒྱས་ཏེ་ངལ་གསོའི་དུས་སྐབས་སུ་སླེབས་ཡོད།
སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་པོར་ཕྱིན་པའི་ཁར། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཐད་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བས། བྱེ་ཁུག་ལ་སླར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད། ད་ཐེངས་སྐྱེ་ཁམས་དམིགས་བསལ་དུ་བཟུང་ནས་སྔོན་ལ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་ཀྱིན་ཡོད།
ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་མཛེས་ལྗོངས་ལྟ་སྐོར་ཁུལ་གྱི་ཚད་ལྡན་ཅན་གཅིག་གྱུར་དོ་དམ་ཚོད་འཛིན་ལག་བསྟར་དོན་འཁྱོལ་བྱས་པ་དང་མཉམ་དུ། ས་ཁོངས་གཅིག་གྱུར་གསར་སྤེལ་གཉེར་སྐྱོང་གི་དབྱེ་མཚམས་བཀར་ནས་དོ་དམ་ཚོད་འཛིན་གྱི་མཐའ་མཚམས་ཁ་གསལ་བཟོས་པ་དང་། ཚད་ལྡན་ཅན་དང་ལྗང་མདོག་ཅན་གྱི་རིག་གནས་ཡུལ་སྐོར་ཚོང་གཉེར་ཁོར་ཡུག་རིམ་བཞིན་གྲུབ་པ་རེད། དུས་མཚུངས་སུ། ཧའེ་ཡན་རྫོང་གིས་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་ལྗང་མདོག་གནོད་མེད་ཀྱི་རིག་གནས་ཡུལ་སྐོར་ཆ་སྒྲིག་ཐོན་ལས་ཚུལ་སྒྱུར་བྱས་ཤིང་། ས་མཐོའི་མཚེའུ་འགྲམ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡོང་སྒོ་འཕར་བའི་ཐབས་ལམ་ཧུར་ཐག་གིས་རྒྱ་བསྐྱེད་དེ། སྐྱེ་ཁམས་ཁོར་ཡུག་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཕྱོགས་གཉིས་ཀ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།
ཚུལ་སྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ནས། སྙན་དབྱངས་ཚང་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་ཚོང་ཁང་སྐོར་དང་པོར་གྱུར་ཡོད། རགས་ལས་གཉེར་སྐྱོང་བྱེད་སྟངས་དོར་ཞིང་སྐྱེ་ཁམས་སྲུང་སྐྱོང་གི་ཚད་མཐའ་བརྩི་སྲུང་ནན་མོ་བྱས་ཏེ། རི་སྔོ་ཆུ་དྭངས་ལ་རྒྱབ་རྟེན་བཅོལ་བ་དང་དམངས་འཚོའི་ཐོན་ལས་བརྟན་པོར་བསྒྲུབས་པས། ཁོ་མོར“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་གཏིང་ཟབ་པའི་གོ་དོན་རྟོགས་སུ་བཅུག་བྱུང་། “རང་བྱུང་ཁམས་ལ་གཏོར་བརླག་མི་གཏོང་བ་དང་ཆོས་ཉིད་ལ་རྒྱབ་འགལ་མི་བྱེད་པར། སྐྱེ་ཁམས་ལྟ་སྐྱོང་ཡག་པོ་བྱས་ཚེ། ཡུལ་ལྗོངས་བཟང་པོ་དེ་ཡོང་འབབ་བཟང་པོ་ཞིག་ཏུ་འགྱུར་ཐུབ་ངེས་ཡིན་པ་དང་། སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་ན་ཆེས་བློ་བདེ་བ་དང་ཡུན་རིང་ཤོས་རེད”ཅེས་སྙན་དབྱངས་ཀྱིས་དེ་ལྟར་བཤད།
སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཚུལ་སྒྱུར་ཐབས་ལམ་སུན་སྣང་མེད་པར་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་པོའི་མཐའ་འཁོར་གྱི་མང་ཚོགས་ལ་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་དུ་བཅུག་ཡོད། ཧེ་ཡན་ཧོ་ཆིང་ཡུལ་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱིའི་བདག་གཉེར་པ་ཝུའུ་ཡན་ཅུན་གྱིས“མཛེས་ལྗོངས་ལྟ་སྐོར་ཁུལ་གྱི་སྤུས་ཀ་རྒྱུན་མཐུད་ངང་མཐོ་རུ་འདེགས་པའི་འཆར་འགོད་ལ་སྐུལ་འདེད་བཏང་བ་དང་། ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཆ་སྒྲིག་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པའི་ངང་རྒྱ་བསྐྱེད་ནས། ཡུལ་སྐོར་པར་ལེན་དང་། གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་འགྲེམ་འཚོང་བྱེད་པ། མཐོ་སྒང་གི་དམངས་སྲོལ་ལ་ཡོངས་སུ་ཉམས་ལེན་བྱེད་པ་སོགས་རྣམ་པ་གསར་པའི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ཡོད”ཟེར།
རང་ཡུལ་དུ་རྩ་བ་ཚུགས་ནས་དམངས་སེམས་དང་འཚམ་པའི་ཁྱད་ལྡན་ལས་རིགས་གཉེར་བས། བྱེ་ཁུག་གི་ཡུལ་སྐོར་སྤུས་ཀ་རྒྱུན་མཐུད་སྒོས་རིམ་པ་འཕར་དུ་བཅུག་ཡོད། ལོ་མང་གཉེར་སྐྱོང་བྱས་པའི“བོད་པའི་ཨ་ཁུའི་ཇ”ཞེས་པ་དེས་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་ནས། རང་ཡུལ་གྱི་ཁྱད་ཆོས་གང་འཛོམས་རྒྱུན་ཆད་མེད་པར་སྔོག་འདོན་གཏིང་ཟབ་བྱས་ཡོད། འགན་ཁུར་པ་ཚེ་རིང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ན་གཞོན་ཡུལ་སྐོར་པའི་དགའ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། སྔར་མེད་གསར་གཏོད་ཀྱིས་རྩམ་པ་དང་། འོ་ཞོ། ནས་ཇའི་བཏུང་བྱ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱི་ཇ་བསྡེབས་ཟས་སྤེལ་མ་གསར་དུ་བཏོན་ཞིང་། ལྷད་མེད་བྲོ་བ་ལྡན་པ་དང་གདོད་མའི་རྣམ་པ་ཉམས་སུ་མྱོང་བར་བརྟེན་ནས་ནང་འཁོར་ཞེན་མི་ཡང་བུང་བའི་ཚོགས་བཞིན་བགྲང་ལས་འདས་པ་ཐོན་ཡོད།
ཚེ་རིང་དོན་གྲུབ་ཀྱིས་བྱེ་གཞུང་གི་འཕོ་འགྱུར་དག་དངོས་སུ་མཐོང་ནས་བདེན་དཔང་བྱས་པས། ཁོར་ཕ་ཡུལ་བརྟན་སྲུང་བྱེད་བཞིན་རང་ཡུལ་དུ་རྐང་ཚུགས་ནས་འདུག་པའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་བརྟན་པོ་ཞིག་སྐྱེ་རུ་བཅུག་ལ།“སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དང་། ཡུལ་སྐོར་གྱི་འགུག་ཤུགས་ཇེ་ཆེ་ནས་ཇེ་ཆེ། ལས་གཏོད་འབབ་འཕར་གྱི་ལས་སྟེགས་ཇེ་ཡངས་ནས་ཇེ་ཡངས་སུ་གྱུར་ཡོད”ཟེར།
མཛེས་ལྗོངས་ལྟ་སྐོར་ཁུལ་གྱིས་རིམ་རྩིས་སྒོས་ལས་རྐང372གསར་གཏོད་བྱས་ཡོད་ལ། རང་སའི་ལས་མི་ཡིས80%ལྷག་ཟིན་ཡོད་ཅིང་། ཞོར་ལས་མང་ཚོགས་ལ་མི་རེའི་ཆ་སྙོམས་ཀྱི་ཟླ་རེའི་ཡོང་འབབ་སྒོར4000ཡན་འཕར་བར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག རང་སའི་མང་ཚོགས་ལ་ཁ་ཕྱོགས་ནས་གཉེར་སྐྱོང་ལས་རྣམ་ཆོག་འཐུས་འོས་ཐོབ15ཙམ་སྤྲད་པ་དང་། རིམ་རྩིས་ཀྱིས་ལས་རྣམ་ཁེ་སྤོགས་བགོས་པའི་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ཙམ་བྱིན་ཏེ། མང་ཚོགས་ཀྱིས་རང་བརྟེན་ལས་གཏོད་དང་ཡོང་འབབ་བརྟན་པོའི་ངང་འཕར་བར་རོགས་སྐྱོར་བྱས་ཡོད།
སྐྱེ་ཁམས་ཡུལ་སྐོར་གྱི་འགྱེད་འཕྲོའི་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ངང་མངོན་གསལ་དུ་ཕྱིན་པ་དང་། རྫོང་ཁོངས་ཀྱི་ཞིང་ཕྱུགས་ལས་དང་ཞབས་ཞུའི་ལས་རིགས་ཀྱི་སྟོད་སྨད་ཐོན་ལས་འབྲེལ་ཐག་དམ་ཚགས་ངང་སྦྲེལ་མཐུད་བྱས་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཚུལ་སྒྱུར་དོན་འཁྱོལ་བྱེད་པའི་ཐབས་ལམ་སྔར་བས་ཀྱང་ཇེ་གསལ་དུ་སོང་ཡོད།
ད་ལྟའི་བྱེ་མ་ལ་བདུན་གྱིས་རང་ཡུལ་གྱི་རིག་གནས་རྩ་ལག་ཀུན་ལ་གཞི་ཚུགས་ནས། ཡུལ་སྐོར་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་བཞིན་ཡོད་ཅིང་། སྐྱེ་ཁམས་རྨང་གཞིར་འཛིན་པ་དང་། རིག་གནས་བླ་སྲོག་ཏུ་བྱེད་པ། དམངས་ཕྱུག་རྩ་བར་འཛིན་པ་བཅས་ཀྱི་ཐོག་ནས། རྒྱུན་མཐུད་སྒོས་མུ་ཕྲེང་སྦྲེལ་ཞིང་སྟོབས་ཤུགས་གཅིག་སྡུད་ཀྱིས་ནུས་པ་བསྩལ་ཏེ། སྐྱེ་ཁམས་ལྟ་སྐོར་དང་རིག་གནས་ཉམས་ལེན། སྤྲོ་གསེང་འཛད་སྤྱོད། ཁམས་གསོ་ཞིབ་སྦྱོང་སོགས་འདུས་པའི་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་ཆ་ཚང་ཞིག་བསྐྲུན་ཡོད། ཝུའུ་ཡན་ཅུན་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་རྒྱུར།“སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས།‘སྐྱེ་ཁམས་དང་རིག་གནས’ཀྱི་མཉམ་འདྲེས་ལེགས་ཆ་སྔར་ལས་ཆེ་རུ་བཏང་ཚེ། མི་འགྱངས་པར་རིག་གནས་ཡུལ་སྐོར་གྱི་མཁོ་སྤྲོད་མཐའ་དག་རྒྱུན་མཐུད་ནས་ཕུན་སུམ་ཚོགས་པར་འགྱུར་བ་དང་། ཚོང་གཉེར་གྱི་ལས་རྣམ་ལེགས་འགྱུར་འབྱུང་ངེས་ལ། ས་ཁོངས་འདིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ལྡན་ཟོང་རྟགས་བཅས་སྤུས་གཙང་ཡོང་ཐུབ”ཟེར།
བྱེ་མའི་ཁུག་འདི་ལ་ཡུལ་སྐོར་བ་གཅིག་འཕྲོར་གཅིག་མཐུད་ནས་རླབས་ཕྲེང་ཇི་བཞིན་འཕྱུར་ཡོང་། མཚེའུ་འདི་དང་བྱེ་མ་འདི་ནི་རང་བྱུང་ཁམས་ཀྱིས་གནང་བའི་ལེགས་སྐྱེས་ཁོ་ན་ཙམ་མ་ཡིན་པར། དེ་བས་ཀྱང་གསེར་འབྱུང་དམངས་ཕན་གྱི་རྒྱབ་རྟེན་བཀན་མོ་ཞིག་ཡིན་ཕྱིར། ལས་ལ་བརྩོན་པའི་ཡུལ་མི་རྣམས་ཀྱིས་རང་ས་ནས་ཆེས་བབ་ཆགས་ཀྱི་བྱེད་ཐབས་སྤྱད་དེ། དམངས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གཏོང་བཞིན་ཡོད། །