
དབྱར་གཞུང་དུ། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ཞུན་ཧྭ་དང་ཐུན་རིན་བར་གྱི་གཞུང་ལམ་བརྒྱུད་ནས་ལྷོ་རུ་སོང་བ་ན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་བོད་རིགས་ཡུལ་ཚོ་རྐང་ཚ་སྡེ་བར་འབྱོར་བ་དང་། གནས་དེའི་རབ་དཀར་གངས་འདབས་ཀྱི་མཐའ་མི་མངོན་པའི་སྔོ་ལྗང་གི་རྩྭ་ཐང་ན་ནོར་ལུག་བག་ཡངས་སུ་རྒྱུ་བཞིན་ཡོད། དེ་ནི་རྐང་ཚ་སྡེ་བ་དེའི་ཐུན་མོང་དཔལ་འབྱོར་ལས་གཞི་སྟེ་མེ་ཏོག་གངས་ལྷ་འབྲོག་པའི་སྤྲོ་སྐྱིད་གླིང་ཡིན་ལ། ཡུལ་སྐོར་དུས་གཞོང་ཡིན་པས། སྦྲ་གུར་རེ་རེ་ནས་སྙན་འཇེབས་ཀྱི་འབྲོག་གླུ་དང་དགའ་སྤྲོའི་དགོད་སྒྲ་མཚམས་མི་ཆད་པར་མཆེད་དེ་རྩྭ་ཐང་ལ་བདེ་སྐྱིད་ཀྱིས་ཁྱབ་འདུག
རྐང་ཚ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅོད་པ་སྐྱབས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། “སྔོན་ཆད། རྐང་ཚ་སྡེ་བ་ནི་ཞུན་ཧྭ་རྫོང་གི་ཆེས་ཐག་རིང་བའི་ཕྱུགས་ལས་གཉེར་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན་མོད། ད་ལྟ་ང་ཚོའི་སྡེ་བ་ནི་ཡུལ་སྐོར་པའི‘སྙན་ངག་དང་རྒྱང་རིང’དུ་གྱུར་ཏེ། ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང”ཟེར།
སྔོན་ཆད་རྐང་ཚ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཞན་པར་མ་ཟད། སྡེ་བའི་ཁོར་ཡུག་མི་ལེགས་པས་སྡོད་དམངས་ཀྱིས་གསོ་སྤེལ་ལས་རིགས་དང་དུས་ཐུང་ལས་ཀར་བརྟེན་ནས་འཚོ་བ་རོལ་བ་དང་། ཐོན་སྐྱེད་ཀྱི་སྒྲིག་གཞི་སྣ་གཅིག་ཡིན། ད་ལྟའི་རྐང་ཚ་སྡེ་བར་རྩྭ་ཐང་སྐྱེ་ཁམས་ཡུལ་སྐོར་ལས་གཞི་ཡོད་ལ། སྡེ་མི་རྣམས་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པ་མངོན་འགྱུར་བྱུང་བ་དང་། སྣེ་ལེན་བྱས་པའི་ཡུལ་སྐོར་བའི་མི་གྲངས་ཐེངས5000ལྷག་ལ་སླེབས་ཡོད་ཅིང་། ཁྱོན་བསྡོམས་ཡོང་འབབ་སྒོར་འབུམ་གཉིས་ཁྲི་ལྔ་ལྷག་ཡོད།
གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འདི་ནི“ཏང་འཛུགས་སྣེ་ཁྲིད”ཀྱིས་ཤུགས་བཏོན་པ་ལས་བྱུང་བ་རེད།
2019ལོའི་ལོ་མགོར། འཕེལ་རྒྱས་རིག་ལམ་གྱིས་བཀག་རྒྱ་ཐེབས་པའི་རྐང་ཚ་སྡེ་བའི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་།
གཅོད་པ་སྐྱབས་ཀྱིས་བཤད་རྒྱུར། གྲོང་གསེབ་དར་སྤེལ་གཏོང་དགོས་ན། ཐོག་མར་ཐོན་ལས་གཉེར་དགོས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་གནད་འགག་དང་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཡིན། རྐང་ཚ་སྡེ་བ་ལ་ནོར་གནག་གསོ་སྤེལ་གྱི་སྲོལ་རྒྱུན་དང་། གཞན་ད་དུང་གཞི་རྒྱ་ཆེ་བའི་རྩྭ་ས་ཡོད། འདི་ནི་ང་ཚོའི་ལེགས་ཆ་ཡིན་ཟེར།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། རྐང་ཚ་སྡེ་བའི་ཏང་ཀྲི་པུའུ་ཡིས་རྐང་ཚ་རྩྭ་ཐང་གི་ཁྱད་ལྡན་ཐོན་ཁུངས་བེད་སྤྱད་དེ། སྡེ་བ་ཐུན་མོང་གི་རྩྭ་ས་སྤྱི་ཆིང33ལྷག་ལ་ཉེ་བ་ལེགས་སྒྲིག་བྱས་པ་དང་། “ཏང་ཀྲི་པུའུ་དང་ཕྱུག་སྒྱུར་སྣེ་ཁྲིད་པ། ཞིང་ཁྱིམ”གྱི་ཚོང་གཉེར་རྣམ་པ་ལྟར། བཟའ་བཏུང་དང་སྦྲ་གུར་ཞག་སྡོད། རྟ་ཞོན་རོལ་མྱོང་སོགས་གཙོ་བོ་ཡིན་པའི་རྩྭ་ཐང་སྐྱེ་ཁམས་ཡུལ་སྐོར་ལས་གཞི་སྟེ་མེ་ཏོག་གངས་ལྷ་འབྲོག་པའི་སྤྲོ་སྐྱིད་གླིང་བཙུགས།
ཞུན་ཧྭ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་འབུམ་ལྔ་བྱིན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཀོལ་བ་དང་། 2022ལོར། རྐང་ཚ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཡང་བསྐྱར་སྒོར་འབུམ་གསུམ་ཁྲི་དགུ་བརྩོན་ལེན་བྱས་ནས་ལས་གཞི་རིམ་སྤར་བྱས།
མི་རབས་ནས་མི་རབས་བར་འབྲོག་པ་གསོ་སྐྱོང་བྱེད་མཁན་གྱི་རྩྭ་ཐང་ཡང་བརྟན་འཇགས་ཀྱི“གསེར་ཕོར”དུ་གྱུར་འགྲོ་བ་སུ་ཞིག་གི་ཡིད་ལ་དྲན་ནམ། སྡེ་བ་འདིའི་དབུལ་ཐར་ཁྱིམ་ཚང4ལ་སྤྲོ་སྐྱིད་གླིང་འདིར་བརྟེན་ནས་བརྟན་འཇགས་ཀྱི་ཡོང་འབབ་ཡོད་སོང་།
དབུལ་ཐར་ཁྱིམ་ཚང་ཡིན་པའི་ཤ་བོ་ཚེ་བརྟན་གྱིས་བྲེལ་འཚུབ་ངང་མགྲོན་པོར་ཚོད་མ་སྐྱེལ་བཞིན་ཡོད་ལ། ཁོས་ལས་ཀར་བྲེལ་ཞོར་དགའ་སྤྲོའི་ངང་བཤད་རྒྱུར“སྔོན་ཆད་ཞིང་ཆེན་ཕྱི་ནས་ལས་ཀ་ལས་པ་ཡིན། ལོ་གཅིག་ལ་ཡོང་སྒོ་མང་པོ་མེད་པར་མ་ཟད། ལོ་ལོན་དང་བྱིས་པ་ཡང་སྙོར་སྐྱོང་བྱེད་མཁན་མེད། ད་ལྟ་སྔོན་ཆད་དང་མི་འདྲ། ལས་ཀ་ལས་ས་ཁྱིམ་དང་ཐག་ཉེ་ལ། ཟླ་རེར་སྒོར3500ཡི་ཡོང་འབབ་ཡོད། སྒོར་མོ་བཙལ་བ་དང་ཁྱིམ་ཚང་སྐྱོང་བ་གཉིས་གང་ལའང་འཐུས་ཤོར་མི་འབྱུང་ཟེར།
ཐོན་ཁུངས་ལ་གསོན་ཤུགས་རྒྱས་ནའང་མུ་མཐུད་ནས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། སྡེ་བའི་ཏང་ཀྲི་པུའུ་ཡི་ཕྱུག་སྒྱུར་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་ཆེད། རྐང་ཚ་སྡེ་བས“ཏང་འཛུགས་སྐྲུན་སྔོན་སྐྱོད”དང“ལྡབ་གཉིས་ཁྲིད་གཉིས”ཀྱི་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས། རོང་འབྲོག་པའི་ཕུལ་བྱུང་ཏང་ཡོན3སྐྱེད་སྲིང་བྱས་ནས“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཆུང་ནང་ཞུགས་སུ་བཅུག་པ་དང་། ཁོ་ཚོས་ལས་ཀ་ལས་ཏེ་སྡེ་དམངས་ལ་བལྟ་རུ་བཅུག་པ་དང་སྡེ་དམངས་ཀྱི་སྣེ་ཁྲིད་ནས་ལས་ཀ་ལས་ཏེ་ཡང་བསྐྱར“མཐོ་སྒང་ནོར་གནག་གསོ་སྤེལ”གྱི་ཐོན་ལས་གསར་པ་འཚོལ་ཞིབ་བྱས།
སྤྲོ་སྐྱིད་གླིང་དང་ཐག་མི་རིང་བའི་རྩྭ་ཐང་དུ་ཤ་ཤེད་རྒྱས་པའི་ནོར་གནག་གིས་བག་ཡངས་ངང་རྩྭ་ཆུར་རོལ་བཞིན་འདུག ཅུང་མ་འགོར་བར། ཀུན་འབྱུང་སྐྱབས་ཀྱིས་ནོར་གནག500ལྷག་དེད་ནས་གསོ་སྤེལ་རྟེན་གཞི་རུ་སླེབས། 2022ལོར། རྐང་ཚ་སྡེ་བའི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྒོར་ས་ཡ་གསུམ་རེ་ཞུ་བྱས་ནས་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འདི་ཞིག་གསོ་བྱས། མིག་སྔར་གསོ་སྤེལ་རྟེན་གཞི་འདིར་ཕྱུགས་ཁང5དང་རྩྭ་ཁང1དང་། སྤྱི་ཆིང333ལྷག་གི་ཕྱུགས་འཚོ་སའི་རྩྭ་ས་དང་། སྤྱི་ཆིང33ལྷག་གི་ཡུག་པོ་འདེབས་འཛུགས་རྟེན་གཞི་བཅས་ཡོད་ལ། ཀུན་འབྱུང་སྐྱབས་གླས་ནས་ནོར་གནག་གི་དུས་རྒྱུན་གསོ་སྤེལ་ལ་འགན་འཁུར་བཞིན་ཡོད།
ཀུན་འབྱུང་སྐྱབས་ཀྱིས་བཤད་རྒྱུར“བེའུ་འདི་དག་བལྟས་ན་ཆུང་ཡང་། རིན་གོང་ཧ་ཅང་མཐོ། བེའུ་གཅིག་གི་རིན་གོང་ཆེས་མ་མཐའ་ཡང་སྒོར2000ཡིན། རྒྱུད་འཕེལ་ནུས་པ་ཆེ་ལ། གཟུགས་སྐྱེས་པ་མགྱོགས། ཤ་མང་ལ་རིན་གོང་མཐོ”ཟེར།
ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་ཡོད་པས། ནོར་གནག་འདི་དག་ཉིན་དཀར་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལྟར་ཕྱི་ནས་འཚོ་བ་དང་། དགོང་མོ་ཕྱུགས་རའི་ནང་དུ་གཟན་ཆས་སྟེར་བཞིན་ཡོད། སྡོད་ས་བཟང་ལ་གཟན་གྱིས་འདང་། ཤ་ཤེད་མི་ལྷུང་། སྲོལ་རྒྱུན་གསོ་སྤེལ་གྱི“དབྱར་སྟོན་ལ་ཤ་ཤེད་རྒྱས་པ། དགུན་དཔྱིད་ལ་ཤ་ཤེད་ལྷུང་བའི”དཀའ་ཁག་ལས་ཐར་བ་རེད།
ད་ལྟ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང320ཡི་འབྲོག་པ་ཚང་མ་མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞིའི་མ་རྐང་ལ་ཞུགས་ཡོད་པ་དང་། ཁྱིམ་ཚང་རེ་རེས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རེག་པ་མངོན་འགྱུར་བྱུང་ཡོད།
རུ་དཔུང་སྟོབས་ལྡན་འཛུགས་པ། ཐོན་ཁུངས་ལ་གསོན་ཤུགས་རྒྱས་སུ་འཇུག་པ། ཐོན་ལས་ལེགས་བསྒྱུར་བྱེད་པ་སོགས་རྐང་ཚ་སྡེ་བའི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ “ཏང་འཛུགས”མཛུབ་སྟོན་དམ་དུ་བཟུང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོའི་ལེགས་ཆར་བརྟེན་ནས། སྔོན་ཆད་ཐག་རིང་ལ་རྗེས་ལུས་ཀྱི་བོད་རིགས་སྡེ་བ་འདིའི་སྐྱེ་ཁམས་ཇེ་ལེགས་དང་ཐོན་ལས་ཇེ་རྒྱས་སུ་བཏང་། འབྲོག་དམངས་ཀྱི་ཕྱུག་འགྱུར་ཡོང་སྒོ་ཐབས་ལམ་ཇེ་མང་དུ་གྱུར། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་། ཞུན་ཧྭ་རྫོང་གི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་བཏང་བ་བཟང་པའི་སྡེ་བ་འདིའི་མི་རེ་རེ་ཕྱུག་འགྱུར་དང་། ཁྱིམ་རེ་རེའི་ཡོང་འབབ་འཕར་སྣོན་བྱུང་སྟེ། མཛེས་པའི་གྲོང་གསེབ་ནས་བདེ་སྐྱིད་ཀྱི་འབྲོག་གླུ་བླངས།
སྒྲོལ་མ་སྐྱིད་རྩོམ་སྒྲིག་བྱས།