ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱས་ནས་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ། ལིས་ཅན་ཡུས།

2024ལོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ལ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་བཅོས་སྒྲིག་བྱེད་པ་གཙོ་གནད་དུ་བརྩིས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། བློ་རྩ་བརྟན་པོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་ཅིང་། ཕྱོགས་ཡོངས་ནས་བྱེད་ཐབས་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་ཅུང་ཆུ་ཚད་མཐོ་བའི་ཐད་ནས་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས།

གཅིག་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་བླངས་པ་སྟེ། མཚོ་སྔོན་གྱི་ལྗང་མདོག་ལ་སྲུང་སྐྱོབ་བྱས། གནམ་སྔོན་པོའི་འགོག་སྲུང་བྱ་བར་གཞིགས་ནས། མཚོ་སྔོན་ཞིང་ཆེན་གྱི་མཁའ་དབུགས་སྤུས་ཚད་སྔར་ལས་ལེགས་སྒྱུར་བྱེད་པའི་འགུལ་སྐྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་བཏོན་པ་དང་། ཁོར་ཡུག་དང་མཁའ་དབུགས་ཀྱི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།  ཆུ་དྭངས་མོ་ཡོང་བར་ཁག་ཐེག་བྱས། འབྲི་ཆུ་དང་རྨ་ཆུ། རྫ་ཆུ། ཙོང་ཆུ། མཚོ་སྔོན་པོ་སོགས་བཞུར་རྒྱུད་གཙོ་བོ་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་བྱེད་པར་སྐུལ་འདེད་དང་གཅིག་འདོམས་བྱས། ནུས་ཤུགས་ཡོད་རྒུས་ས་ཁམས་བདེ་འཇགས་ལ་འགན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་ས་ཞིང་ཁོར་ཡུག་དག་གཙང་བརྟན་འཇགས་ཡིན་ལ། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དོ་དམ་ཚོད་འཛིན་བྱེད་ཚད་ལ41.3%ལ་སླེབས།

གཉིས་ནས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་ནན་མོ་བཏང་། སྔོན་གྱི་སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་། 2021ལོ་དང2022ལོའི་རྨ་ཆུར་སྲུང་སྐྱོབ་བྱེད་པའི་ཉེན་སྟོན་བརྙན་ཐུང་ལེགས་བཅོས་ཀྱི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཤིང་། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་། 2023ལོའི་རྨ་ཆུར་སྲུང་སྐྱོབ་བྱེད་པའི་ཉེན་སྟོན་བརྙན་ཐུང་ལེགས་བཅོས་ཀྱི་སྤྱིའི་མྱུར་ཚད་སྔོན་དཔག་ལ་སླེབས་ནས། སྐྱེ་ཁམས་གཏོར་བརླག་དང་ཁོར་ཡུག་སྦགས་བཙོག སྒྲིག་འགལ་འཛུགས་སྐྲུན་སོགས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་སྐོར་ཞིག་ཐག་གཅོད་བྱས།

གསུམ་ནས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཐད་མུ་མཐུད་དུ་ཤུགས་བསྣན། མུ་ལི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་ལེགས་བཅོས་ཀྱི་དུས་རིམ་རྗེས་མའི་ལྟ་སྲུང་བྱ་བ་ནུས་ལྡན་སྒོས་སྤེལ་བ་དང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྦགས་བཙོག་གི་འགོ་ཁུངས་ཞིབ་བཤེར་ཕུགས་འདེད་བྱ་བ་བསྒྲུབས་ནས། བློ་བརྟན་འགྱུར་མེད་ཀྱིས་རྦ་རླབས་ཆལ་ཆིལ་གཡོ་བའི་མཚོ་སྔོན་པོར་སྲུང་སྐྱོབ་ལེགས་པོ་བྱས།

བཞི་ནས། ལྗང་མདོག་ཐཱན་དམའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མ་དངུལ་བརྩོན་ལེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་འཇོག་བཅོས་སྒྱུར་ཟབ་སྤེལ་བྱས་ལ། བཙོག་འབུད་ཆོག་མཆན་དཔང་ཡིག་གི་སྤུས་ནུས་མཐོར་འདེགས་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྦགས་བཙོག་དངོས་རྫས་གཙོ་བོ་ཉུང་གཏོང་གི་བཟོ་སྐྲུན་ལག་བསྟར་བྱས།

ལྔ་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་། ཕྱོགས་ཡོངས་ནས་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པ་དང་། སྒྲིག་ཁྲིམས་ཞིབ་དཔྱོད་ལྟ་ཞིབ་ཀྱི་ལྟ་སྐུལ་དང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པ་འབྲེལ་མཐུད་མཉམ་སྡེབ་རྐྱེན་སྲོལ་བཙུགས་ནས། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་འཐུས་ཚང་ལེགས་བཅོས་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་བསྒྱུར་བཀོད་རིམ་སྤོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་སྦགས་བཙོག་གི་འགོ་ཁུངས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་བཅས་ཕྱོགས་ཡོངས་ལ་ལྟ་ཞིབ་ཚད་ལེན་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པ། ཐེངས་བརྒྱད་པ་དང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་བཀོད་སྒྲིག་ལྟར། སྐྱེ་ཁམས་བྱེད་ནུས་ཆེས་ཆེ་ཤོས་ཀྱི་ལས་འགན་གཙོ་བོར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་ཁྱབ་ཁོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེ་སྒུལ་ཤུགས་སུ་བརྩི་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་ལ།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཁྲིམས་བསྟར་དམ་འཛིན་ནན་མོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་དང་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་ནན་མོ་བཏང་སྟེ། ལྗང་མདོག་ཐཱན་དམའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་བཙུགས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།


ལྷ་མོ་འཚོས་བསྒྱུར།