ཞིན་ཧེ་རྫོང་གིས་དམངས་ཡོངས་མཉམ་ཞུགས་བྱས་ཏེ་དག་གཙང་ཁོར་ཡུག་བསྐྲུན།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

ཟླ་བཞི་བའི་ཞིན་ཧེ་རྩྭ་ཐང་དུ་ལྗང་མདོག་གི་རང་མདངས་རྒྱས་ཤིང་། ལྗང་ནེམ་ནེམ་གྱི་རྩྭ་ཕྲན་རེ་རེ་མངོན་ཆུང་དང་ཡིད་འོང་གིས་འབུས་ཏེ། མཐོ་སྒང་འདིའི་མིའི་རིགས་ཀྱི་སྣང་ངོར་མཛེས་སྡུག་གི་དབྱར་ཀ་ཞིག་ངང་གིས་དྲངས་བཞིན་པའི་སྐབས་འདིར། ང་ཚོ་གསར་འགོད་པ་ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་སྡེ་བར་ཐོན། རྒྱུས་ལོན་བྱུང་བ་ལྟར་ན། ལོ་འགའི་སྔོན་ནས་བཟུང་ཞིན་ཧེ་རྫོང་གིས་དམངས་ཡོངས་མཉམ་ཞུགས་ཀྱིས་དག་གཙང་ཞིན་ཧེ་བསྐྲུན་པའི་གཅིག་བསྡུས་དག་ཐེར་འགུལ་སྐྱོད་སྤེལ་བ་ནས་བཟུང་། རྫོང་ཁོངས་ཡོངས་ཀྱི་སྐྱེ་ཁམས་དག་ཐེར་ལེགས་བཅོས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལས་རྫོང་ཁོངས་ཀྱི་ཁོར་ཡུག་ཀུན་ལ་བཞིན་གསར་གྱི་རྣམ་པ་ཤར་ཡོད།  ཨ་མདོ་དམངས་སྲོལ་སྡེ་བ་ནི་ཞིན་ཧེ་རྫོང་ཁོངས་ཀྱི་ཁོར་ཡུག་དག་གཙང་གི་དཔེ་སྟོན་སྡེ་བའི་གྲས་ཤིག་ཡིན་ཞིང་། ལྗང་མདོག་གི་སྐྱེ་ཁམས་ཤིག་དང་དག་གཙང་གི་ཁོར་ཡུག་ཅིག་བསྐྲུན་ཆེད། སྡེ་བ་དེའི་སྡེ་མི་རྣམས་ཀྱིས་དཀའ་སྤྱད་ཀྱི་བཤུལ་ལམ་དུ་གཏོར་བའི་རྔུལ་ཆུའི་ཐིགས་པ་རེ་རེ་ནི། ད་ལྟའི་ཡིད་དུ་འོང་བའི་སྡེ་བའི་རྣམ་པ་འདི་འགྲུབ་བྱེད་ཀྱི་འབྲས་བུ་རྡོག་པོ་རེ་རེ་ཡིན། ཁོ་ཚོའི་དུས་རྒྱུན་གྱི་བྱ་བའི་གནས་ཚུལ་སྐོར་གླེང་སྐབས། ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་ཀྲུའུ་རིན་གཡང་དྲུང་ཐར་གྱིས་བཤད་རྒྱུར།

 ན་ནིང་ནས་བཟུང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ་ང་ཚོ་དམངས་སྲོལ་སྡེ་བའི་མང་ཚོགས་རྣམས་བཀོད་སྒྲིག་བྱས་ནས། ང་ཚོ་སྡེ་བའི་ཁོར་ཡུག་ཡིན་ན་ཆོག་གི སྤྲེལ་རྫོང་ལ་འགྲོ་སའི་གནས་སྐོར་གྱི་ལམ་འདི་གཙང་སྤྲ་བྱས་པས་ད་ལྟ་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་འདུག

ཞིན་ཧེ་རྫོང་གིས་མང་ཚོགས་སྐུལ་སློང་བྱས་ཏེ། སྡེ་ཁུལ་དང་སྲང་ལམ། ཡུལ་སྐོར་ལམ་ཐིག་སོགས་གཙོར་བཟུང་ནས། ཁོར་ཡུག་བཅོས་སྐྱོང་གི་བྱེད་ཐབས་སྣ་ཚོགས་རེ་རེ་བཞིན་ལག་བསྟར་བྱས་པར་བརྟེན། ད་ལྟ་གད་སྙིགས་གང་སར་འཕེན་པའི་རྣམ་པ་དེ་ཡོངས་སུ་མཇུག་བསྒྲིལ་ཞིང་། རྫོང་མཁར་གྱི་ཕྱི་ནང་བར་གསུམ་དང་།  སྡེ་ཁུལ་གྱི་ཁོར་ཡུག་གང་དུ་ཕྱིན་ཀྱང་མི་རྣམས་ལ་དག་གཙང་གི་སྣང་བ་ཞིག་དབང་མེད་དུ་སྟེར། དེ་ལས་ཞིན་ཧེ་རྫོང་གིས་དམངས་ཡོངས་མཉམ་ཞུགས་ཀྱིས་དག་གཙང་ཞིན་ཧེ་བསྐྲུན་པར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་མཐོང་ཐུབ། གྲུབ་འབྲས་དེ་དག་ནི་མི་སྒེར་དང་ཐུན་མོང་གི་དཀའ་སྤྱད་འབད་བརྩོན་དང་གཏན་ནས་འབྲལ་ཐབས་མེད་པ་ཞིག་རེད། དག་གཙང་གི་ཁོར་ཡུག་བསྐྲུན་པའི་བརྒྱུད་རིམ་སྐོར་གླེང་སྐབས། ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་ཁོར་སྲུང་བ་ཀུན་མཚོ་སྐྱིད་ཀྱིས་བཤད་རྒྱུར།

ཐོག་མར་ཁོར་ཡུག་གཙང་སྤྲ་བྱེད་དུས་མི་གཙང་བའི་ལས་ཀ་འདི་སྒྲུབ་ན་མི་འདོད་པ་དེ་འདྲ་ཞིག་རེད་མོད། ལས་ཀྱིན་ལས་ཀྱིན་ལོབས་སོང་ན་ད་ལས་ན་འདོད་ལ། ཁོར་ཡུག་གཙང་སྤྲའི་བྱ་བ་འདི་ལས་དགོས་པ་ཞིག་ཀྱང་རེད།    དེ་བས་ཁ་སང་དེ་རིང་ལས་ཀ་འདིར་བཙོག་སྣང་མི་སྐྱེས་པར་མ་ཟད་མུ་མཐུད་དུ་ལས་བཞིན་ཡོད།

དག་གཙང་གི་ཁོར་ཡུག་ཅིག་བསྐྲུན་པ་ནི་མཐར་གཏུགས་ནས་བཤད་ན་སྔར་བཞིན་ས་གནས་མི་དམངས་མང་ཚོགས་ཚོགས་ཀྱི་འཚོ་གནས་དང་འབྲེལ་བའི་སྤྱི་ཕན་གྱི་བྱ་གཞག་ཅིག་ཡིན་ཞིང་། འཚོ་སྡོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། དེ་ལས་ཐོབ་པའི་ཕན་འབྲས་ལོངས་སུ་སྤྱོད་མཁན་ཀྱང་སྔར་བཞིན་མང་ཚོགས་རང་ཉིད་ཡིན། དེའི་སྐོར་ནས་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་ཁོར་སྲུང་བ་ཨ་ནེ་སྒྲོལ་མ་མཚོས་བཤད་རྒྱུར།

ང་རང་ཡིན་ན་སྲང་ལམ་གཙང་སྤྲ་བྱེད་མཁན་ཞིག་ཡིན། གཙང་སྤྲ་བྱེད་པའི་བྱ་བ་འདི་ཅུང་དཀའ་མོ་ཞིག་རེད། དེ་བས་སྲིད་གཞུང་གིས་ང་ཚོར་དྲོས་ཆེད་དུ་དྲོས་ཇ་ལྡུད་བཞིན་ཡོད་ནི་རེད།  ང་རང་ལ་མཚོནན་ལོ་ན་མཐོ་བའི་སྟབས་ཀྱིས་ཕྱིར་སོང་ནས་ལས་ཀ་བྱེད་རྒྱུ་དཀའ་མོ་རེད།   འདི་ནས་རང་ཉིད་ལ་ཟླ་ཕོགས་ཀྱང་ཡོད་པས་ད་ལྟ་རང་གི་འཚོ་བར་དཀའ་ཁག་མེད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཞིན་ཧེ་རྫོང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་རིམ་པའི་བྱ་བའི་བླང་བྱ་ལྟར། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་སྲིད་ཇུས་མང་པོ་ལག་བསྟར་དངོས་འབེབས་བྱས་ཏེ། ས་གནས་མང་ཚོགས་ཀྱི་དག་གཙང་ཁོར་ཡུག་བསྐྲུན་པའི་འདུ་ཤེས་ཇེ་མཐོར་བཏང་ནས། ཀུན་ཀྱང་ལས་དེར་འཇུག་པའི་མཁའ་དབུགས་གསར་བ་ཞིག་ངང་གིས་ཆགས་པར་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་བྱེད་པར་འབད་བརྩོན་ཆེན་པོ་བྱེད་བཞིན་འདུག


གསར་འགོད་པ། གཡང་འབུམ་རྒྱལ། ཚེ་རིང་དོན་འགྲུབ།

བཀྲ་ཤིས་སྐྱིད། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།