ཕུགས་འདུན་དོན་གཉེར་བྱེད། མ་འོངས་རེ་བས་ཁེངས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

མིན་ཧོ་ཡི་སློབ་གྲྭ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་གཟིགས་ཞིབ་མཛད་སྐབས་ཀྱི་དགོངས་དོན་ཧུར་ཐག་གིས་ལག་བསྟར་བྱས།

ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་རྨ་ཙོང་ཡུལ་དུ་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་ཧུའུ་ཀྲུའུ་ནས་ལམ་ལ་ཆས་ཏེ་མིན་ཧོ་རུ་འབྱོར། ལོ་བརྒྱའི་ཇུས་ཆེན། སློབ་གསོ་ནི་གཞི་རྩ་ཡིན་ཞེས་པ་ལྟར། ཉེ་བའི་ལོ་འདི་དག་གི་རིང་ལ། མིན་ཧོ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག མིན་ཧོ་རྫོང་སློབ་གསོ་ཅུའུ་ཡིས2024ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་གཟིགས་ཞིབ་མཛད་དེ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་བ་ནས་བཟུང་། མིན་ཧོ་ཡི་སློབ་གྲྭ་སོ་སོས་མགྱོགས་མྱུར་སྒོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་སློབ་གསོའི་འདུ་ཤེས་ལྟ་བ་གསར་སྒྱུར་དང་། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་པ་སོགས་ཕྱོགས་མང་པོའི་ཐད་ནས་མགོ་བརྩམས་ཏེ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མིན་ཧོ་རྫོང་ལ་བོད་རིགས་ཡུལ་ཚོ་གཅིག་ཡོད་པ་དང་། ང་ཚོ་རྫོང་མཁར་ནས་ལམ་ལ་ཆས་ཏེ་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པའི་ཚེ་ཏན་བོད་རིགས་ཡུལ་ཚོར་བསྐྱོད་དེ། ཚེ་ཏན་ཡུལ་ཚོའི་དཀྱིལ་སྙིང་སློབ་གྲྭར་ཐོན་པ་ན། སློབ་གྲྭའི་གཞི་རྒྱ་ཆེ་ལ་སློབ་སྒྲུབ་ཀྱི་ཁོར་ཡུག་དང་ཆ་རྐྱེན་སོགས་ལས་མཐའ་འཁོབ་ཀྱི་ཡུལ་ཚོ་ཞིག་དང་མི་འདྲ་བར་ཕྱོགས་ཡོངས་ནས་ཧ་ཅང་བཟང་། དཔེར་ན་སློབ་ཁང་གི་སྒོ་སམ་ལ་མཚོན་ན་ཡང་ས་སྨྱུག་གི་འབྲི་ས་ཡོད་པར་མ་ཟད་སྨྱན་མང་གཟུགས་བཀོལ་སྤྱོད་བྱས་ཆོག་པས། དོན་དག་ཆུང་ཆུང་འདི་ལྟ་བུ་ལས་ཀྱང་ཁོ་ཚོའི་སློབ་སྒྲུབ་ཀྱི་ཆ་རྐྱེན་བཟང་བ་ཤེས་ཐུབ། དགེ་རྒན་ཀླུ་མོ་དཔའ་ལ་མཚོན་ན་གནས་འདིར་ཡོང་ནས་ལོ་གསུམ་ཙམ་འགོར་ཡོད་ལ། མོས་སློབ་གྲྭ་འདིར་རྒྱ་ཡིག་ཁྲིད་བཞིན་ཡོད་པ་དང་། སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་སོགས་སློབ་སྒྲུབ་ཀྱི་ཐད་ནས་བཤད་རྒྱུར།                               

ད་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས། ད་ལྟ་སློབ་མའི་འཚོ་བ་སྔོན་དང་བསྡུར་ན་ཇེ་བཟང་ནས་ཇེ་བཟང་རེད། དཔེར་ན། སློབ་མའི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་ཀྱི་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ང་ཚོས་དུས་རྒྱུན་དུ་སློབ་མའི་སློབ་སྦྱོང་གི་ཕྱོགས་མ་གཏོགས་གཞན་ལུས་སེམས་བདེ་ཐང་ཕྱོགས་ལ་ཡང་ཤུགས་སྣོན་བྱེད་བཞིན་ཡོད་པར་མ་ཟད། སློབ་མའི་འཇོན་ནུས་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་པའི་ཐད་འབད་པ་བྱེད་བཞིན་ཡོད།

གོང་དུ་དགེ་རྒན་ཀླུ་མོ་དཔའ་ཡིས་བཤད་པ་ནང་བཞིན། མིན་ཧོ་ས་ཁུལ་གྱི་ཚེ་ཏན་བོད་རིགས་ཡུལ་ཚོས་སློབ་གསོའི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། སློབ་གྲྭ་སོ་སོའི་ཁྲོད་ནས་ཀྱང་རྩེར་སོན་གྱི་སློབ་གྲྭར་བརྩིས་ཆོག དེ་མིན་ད་དུང་མིན་ཧོ་ཧྲི་ན་དམའ་རིམ་སློབ་འབྲིང་གིས་ཀྱང་ཏང་གི་སློབ་གསོའི་ལམ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ཐད་ཕྱོགས་གཅིག་ནས་ཕུལ་དུ་བྱུང་བའི་སློབ་གསོའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་བཏང་བ་དང་།     ཕྱོགས་གཞན་ཞིག་ནས་ད་ཡོད་ཀྱི་དགེ་རྒན་དཔུང་སྡེ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ནས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་གསོ་སྦྱོང་དང་རིག་གཞུང་བགྲོ་གླེང་ཚོགས་འདུའི་ནང་ཞུགས་པར་རྩ་འཛུགས་བྱས་ལ། ཕྱི་ཕྱོགས་ཀྱི་སློབ་གྲྭའི་བར་བསམ་ཚུལ་བརྗེ་རེས་བྱས་ནས་སྔོན་ཐོན་གྱི་སློབ་གསོའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ལྟ་བ་དང་དོ་དམ་ཉམས་མྱོང་སློབ་སྦྱོང་བྱས་ཏེ་རང་སློབ་གྲྭའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད། སློབ་གྲྭའི་དམའ་འབྲིང་སློབ་རིམ་དགུ་པའི་འཛིན་གྲྭ་བརྒྱད་པའི་སློབ་མ་མཱ་ཕེ་ཧྲན་གྱིས་བཤད་རྒྱུར།   

སློབ་གྲྭའི་ནང་དུ་ང་ཚོས་ཤེས་བྱ་སྣ་ཚོགས་ལ་སློབ་སྦྱོང་བྱེད་ཐུབ་པར་མ་ཟད་སྤུས་ལེགས་སློབ་གསོར་མྱོང་རོལ་བྱེད་ཐུབ། སློབ་གྲྭས་མཁོ་འདོན་བྱས་པའི་སློབ་གསོའི་ཁོར་ཡུག་བཟང་པོ་དང་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ལས་ང་ཚོའི་མཐོང་རྒྱ་ཇེ་ཡངས་སུ་ཕྱིན་པ་དང་བསམ་གཞིགས་ནུས་པ་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་སློབ་གྲྭས་རྩ་འཛུགས་བྱས་པའི་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་དང་སྤྱི་ཚོགས་ཀྱི་ལག་ལེན་གྱིས་ཀྱང་ང་ཚོ་བདེ་ཐང་ངང་འཚར་ལོངས་དང་ཡར་ཐོན་ཡོང་བར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་པས། ང་ཚོ་མི་རིགས་སོ་སོའི་སློབ་གྲོགས་རྣམས་སེའུ་འབྲུ་བཞིན་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་བཟང་པོ་བྱེད་རྒྱུ་ཡིན།

སློབ་གྲྭ་འདིའི་ཕྱི་ནང་གི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་ལ། ནང་གི་སློབ་སྒྲུབ་སྒྲིག་ཆས་ཆ་ཚང་ཚད་ལྡན་དང་སྤུས་དག་ཡིན་པ་ལས་གཞན།  སློབ་བུ་དག་ལ་འཚམ་པའི་སློབ་གསོའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཏེ། མེས་རྒྱལ་གྱི་མ་འོངས་པའི་བདག་པོ་དང་མ་འོངས་པའི་རེ་བར་གྱུར་བའི་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱེད་བཞིན་ཡོད། བྱ་དངོས་གང་ཞིག་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་ཀྱག་ཀྱོག་གི་ལམ་བུ་གང་མང་ཞིག་བརྒྱུད་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལྟར། མིན་ཧོ་རྫོང་གི་སློབ་གསོར་ད་ལྟའི་འཕེལ་རྒྱས་ཆེན་པོ་འདི་འདྲ་ཞིག་བྱུང་བའང་རྒྱུ་མེད་རྐྱེན་མེད་ཅིག་མིན་པར། དེ་ནི་སློབ་གྲྭ་སོ་སོས་དུས་ཡུན་རིང་བོར་འབད་བརྩོན་བྱས་པའི་དཀའ་སྡུག་གི་རྔུལ་ཆུ་ལ་རག་ལས་པར་མ་ཟད། ཡང་དག་པའི་སློབ་གསོའི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་སོགས་ལའང་ཁ་འབྲལ་ཐབས་མེད། ཧྲི་ན་དམའ་རིམ་སློབ་འབྲིང་གི་ཏང་ཨུའི་ཧྲུའུ་ཅི། སློབ་གཙོ་ཅའོ་ཞིན་ཧུའེ་ཡིས་བཤད་རྒྱུར།        

2024ལོའི་ཟླ6ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་ལ་ཕེབས་རྗེས་ང་ཚོའི་སློབ་གྲྭས་དགེ་སློབ་རྩ་འཛུགས་བྱས་ནས་འབྲེལ་ཡོད་གསུངས་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པར་མ་ཟད་དེའི་ཐད་ཀྱི་བྱ་བ་སྤེལ། མཚོ་སྔོན་ནི་མི་རིགས་ས་ཁུལ་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་སྤྱི་དམངས་ཚང་མའི་འགན་འཁྲི་དང་འོས་འགན་ཡིན་པས། ང་ཚོའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་ནང་གཙོ་གནད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏམ་རྒྱུད།རྨ་འབྲིའི་རྫ་གསུམ་འབྱུང་ཡུལགྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་གཏམ་རྒྱུད་ཡག་པོ་བཤད་དེ་ན་གཞོན་སློབ་མས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་བ་ཡིན། དེ་ལས་གཞན་རྒྱལ་ཁབ་ཀྱི་སློབ་ཚན་གྱི་ཚད་གཞི་དོན་འཁྱོལ་ནན་མོ་བྱས་ཏེ་ལུས་རྩལ་བྱེད་སྒོ་དང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་མང་སྤེལ་ནས་མི་གསོ་སྐྱོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད།

ད་ལྟ། ཧྲི་ན་དམའ་རིམ་སློབ་འབྲིང་གིས་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་གསོའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། སློབ་ཁྲིད་ཀྱི་ཐབས་ལམ་བཅོས་བསྒྱུར་སོགས་ཀྱི་ཕྱོགས་ལ་ཤུགས་བསྣན་ནས། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་ཁྲོད་སློབ་གསོའི་འཕེལ་རྒྱས་ཐད་འཕོ་འགྱུར་ཅུང་ཆེན་པོ་བྱུང་ཡོད་པའི་སློབ་གྲྭ་ཞིག་རེད།

图片

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་མཛད་པ་དེས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་།  མིན་ཧོ་རྫོང་གིས་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱས་ཏེ། སློབ་མར་སྔར་ལས་སྤུས་ལེགས་ཀྱི་སློབ་གསོའི་ཁོར་ཡུག་བསྐྲུན་པར་འབད་འབུངས་བྱེད་བཞིན་ཡོད་ལ།   ཀུན་སྤྱོད་དང་ཤེས་ཡོན། ལུས་རྩལ། མཛེས་རྩལ། ངལ་རྩོལ་སོགས་ཕྱོགས་ཡོངས་ནས་ཇེ་རྒྱས་ཇེ་ལེགས་ཡིན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་བསྐྲུན་བཞིན་ཡོད།

གསར་འགོད་པ། གཡང་ཁོ་ཚེ་རིང་། ཤ་བོ་རིན་མཚོ།

ཤ་བོ་གསེར་མཚོ། ཡུམ་སྐྱབས་ཚེ་རིང་།

      རྩོམ་སྒྲིག་འགན་ཁུར་པ། 

བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།