གཅན་ཚ་རྫོང་གིས་ཐོན་ལས་གསར་གཏོད་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་ཕྲེང་སྦྲེལ་དང་ཐོན་ལས་ཕྲེང་སྦྲེལ་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ནས། ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཐོན་ལས་གསར་གཏོད་དང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་གང་ལེགས་བྱེད་ཀྱིན་ཡོད་ལ། གཅན་ཚ་རྫོང་གི་ནོར་གཡང་འོ་ལས་ཚད་ཡོད་ཀུང་ཟི་ནི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཐད་གྲུབ་འབྲས་ཅུང་བཟང་པོ་བླངས་ཡོད་པའི་གྲས་རེད།

ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་ནོར་གཡང་འོ་ལས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན།  གཅན་ཚ་རྫོང་གི་ནོར་གཡང་འོ་ལས་ཚད་ཡོད་ཀུང་ཟི་ནི་ས་གནས་སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་འོག་གསར་དུ་བཙུགས་པའི་འོ་མའི་རིགས་ཐོན་སྐྱེད་བྱེད་ས་ཞིག་ཡིན་ལ། གཙོ་བོ་འོ་མ་དང་འབྲི་ཞོའི་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱིན་ཡོད། ཀུང་ཟི་དེས་ཐོན་རྫས་ཀྱི་སྤུས་ཀ་གཙོ་བོར་བཟུང་ཞིང་། ཁྲོམ་ར་དང་འཛད་སྤྱོད་པའི་དགོས་མཁོར་བསྟུན་ནས། འོ་མའི་ཐོན་རྫས་རིགས་མི་འདྲ་བ་མང་པོ་ཐོན་སྐྱེད་བྱས་པ་དང་། ཐོན་རྫས་དེ་དག་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས་བཅས་ས་གནས་མང་པོར་ཕྱིར་འཚོང་བྱས་པས། འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཀྱིན་ཡོད།  དེར་མ་ཟད། ཀུང་ཟི་དང་སྡེ་བས་མཉམ་འབྲེལ་བྱས་ནས། སྡེ་བའི་ནང་གི་བཞོན་མའི་འོ་མ་མང་ཆེ་བ་ཀུང་ཟིས་ཉོས་པ་དང་། ཀུང་ཟིས་སྡེ་བར་ཁེ་སྤོགས་བགོ་བཤའ་བརྒྱབ་པར་བརྟེན། ས་གནས་དེ་གའི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་ཐད་བྱས་རྗེས་ལེགས་པོ་བཞག་ཡོད།  དེའི་སྐོར་ནས་ཀུང་ཟིའི་སྤྱི་གཉེར་པ་རྡོ་རྗེ་རབ་བརྟན་གྱིས་ངོ་སྤྲོད་བྱེད་རྒྱུར།

ང་ཚོས་གཉེར་བའི་ཁེ་ལས་ནི་གཅན་ཚ་ནོར་གཡང་འོ་ལས་ཚད་ཡོད་ཀུང་ཟི་ཡིན་ལ། གཙོ་བོ་འོ་མ་དང་ཞོ་ཐོན་སྐྱེད་བྱེད་ཀྱིན་ཡོད། ང་ཚོའི་བཟོ་གྲྭ་འདི་གསར་དུ་བཙུགས་པ་ཡིན་ཞིང་། བཟོ་གྲྭ་འཛུགས་སྐྲུན་བྱེད་པ་དང་ས་ཉོ་བ། འཕྲུལ་ཆས་ཉོ་བ་བཅས་ལ་བསྡོམས་པས་མ་རྩ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་བཏང་བ་དང་། སྲིད་གཞུང་གིས་སྒོར་ས་ཡ་དྲུག་དང་འབུམ་བདུན་ཁྲི་གཉིས་ཀྱིས་རོགས་སྐྱོར་བྱས། བཟོ་གྲྭས་ཉིན་རེར་འོ་མ་ཏུན་ཉི་ཤུ་དང་ཞོ་ཏུན་ལྔ་ཐོན་སྐྱེད་བྱས་པ་དང་། བསྡོམས་པས་ཉིན་རེར་འོ་མའི་རིགས་ཏུན་ཉེར་ལྔ་ཐོན་སྐྱེད་བྱེད་ཐུབ། ད་སྐབས་བཟོ་གྲྭའི་ནང་དུ་ལས་བཟོ་བ་ཉེར་གསུམ་ཡོད་ལ། ཚང་མ་ས་གནས་རང་གི་མི་ཡིན། ང་ཚོས་ལོ་རེར་གཅན་ཚ་ཐང་ཡུལ་ཚོ་ཀ་རྒྱ་སྡེ་བར་ཁེ་སྤོགས་སྒོར་འབུམ་བཞི་དང་ཁྲི་གཉིས་བགོ་བཤའ་བྱེད་ཀྱིན་ཡོད་ལ། ད་བར་དུ་ལོ་གཉིས་ལ་བསྡོམས་པས་ཁེ་སྤོགས་སྒོར་འབུམ་བརྒྱད་དང་ཁྲི་བཞི་བགོ་བཤའ་བྱས་ཟིན།

ཁྱད་ལྡན་ཐོན་ལས་དེས་ས་གནས་དེ་གའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་གང་མང་འདོན་སྤྲོད་བྱས་ཤིང་། ཁོ་ཚོར་དེར་བསྟུན་གྱི་གླ་ཕོགས་སྤྲད་དེ། རང་གི་ཁྱིམ་ཚང་གི་སྒོ་མདུན་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཕྱིར། ས་གནས་དེའི་ལས་ཞུགས་ཐད་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་རོགས་འདེགས་བྱས།  དེའི་ཐད་ནས་གཅན་ཚ་ནོར་གཡང་འོ་ལས་ཚད་ཡོད་ཀུང་ཟིའི་ལས་བཟོ་པ་ཤེལ་དཀར་སྒྲོལ་མས་བཤད་རྒྱུར།

ང་རང་སློབ་ཆེན་མཐར་ཕྱིན་རྗེས་ཀུང་ཟི་འདིའི་ནང་དུ་ཡོང་ནས་བྱ་བ་ལས་ཏེ་ལོ་ངོ་གསུམ་ལྷག་འགོར་ཡོད། དུས་ཡུན་རིང་པོར་ཀུང་ཟི་འདི་ནས་བྱ་བ་ལས་དོན་ནི། གཅིག་ནས་རང་གི་ཕ་ཡུལ་དང་ཐག་ཉེ་བ་དང་། གཉིས་ནས་རང་ལ་ཟླ་རེ་རེ་ཟླ་ཕོགས་སྒོར་སྟོང་ལྔ་ལྷག་ཡོད་པས། སེམས་ནས་ཡིད་ཚིམ་ཡོད།

དེ་དང་མཉམ་དུ། ཀུང་ཟིས་སྤུས་ཀ་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གཙིགས་སུ་བཟུང་ནས། བཟོ་གྲྭའི་གཞི་རྒྱ་ཆེ་རུ་གཏོང་བ་དང་སྒྲིག་ཆས་གསར་བ་ཉོ་སྒྲུབ་བྱས་ནས། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ཅིང་། ཕྱིར་འཚོང་གི་བགྲོད་ལམ་ཇེ་ཡངས་སུ་བཏང་སྟེ། མུ་མཐུད་དུ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་ཐོན་ལས་སྒྲིག་གཞིར་བརྟེན་ནས། ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་བར་འབད་ཀྱིན་འདུག

ཀུང་ཟིའི་ཐོན་རྫས་སྣ་ཚོགས།


གསར་འགོད་པ། རྡོ་རྗེ་རྣམ་རྒྱལ། རིན་ཆེན་མཚོ།

ལྷ་མོ་འཚོ། སྲས་མོ་སྒྲོལ་མ།      

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།