
ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་སྣེ་ཁྲིད་པ་དང་། ཤེས་རིག་གི་བྱང་ཚད་མཐོར་འདེགས་དང་རང་རྟོགས་ནུས་པ་ཇེ་དྲག་ཏུ་གཏོང་བ། གོམས་སྲོལ་ངན་པ་དོར་ནས་ཡ་རབས་སྤྱོད་བཟང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཐུན་རིན་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མཉམ་འབྲེལ་སྒོས་ཐོ་ཀྱཱ་གྲོང་རྡལ་དུ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཞེས་པ་བརྗོད་གཞི་ཡིན་པའི་ཁྲིམས་ལུགས་དྲིལ་སྒྲོག་བྱེད་སྒོ་སྤེལ།
ཐེངས་འདིའི་བྱེད་སྒོར་གཞུང་ལུགས་འགྲེལ་བཤད་དང་རིག་རྩལ་འཁྲབ་སྟོན་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཡུལ་དངོས་ཀྱི་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་བྱས། ཡུལ་དངོས་སུ་འཁྲབ་སྟོན་པ་ཚོས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གོན་ནས་ཡུལ་དངོས་ཀྱི་མང་ཚོགས་རྣམས་ལ་གླུ་གར་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ། འཁྲབ་སྟོན་གྱི་རྗེས་སུ་ཁྲིམས་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་དམངས་དོན་ཁྲིམས་གཞུང་དང་གཉེན་སྒྲིག་བཅའ་ཁྲིམས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་མང་ཚོགས་ལ་གསལ་བཤད་བྱས་ཏེ། བཅའ་ཁྲིམས་ལ་བརྟེན་ནས་རང་གི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་ཡང་དང་བསྐྱར་དུ་སྒྲོག་འགྲེལ་བྱས།
དེ་ལས་གཞན། ཁུལ་དམངས་སྲིད་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་འདས་མཆོད་ཁྱབ་ཁོངས་དང་འབྲེལ་བའི་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ལེགས་སྒྱུར་སྐོར་གྱི་ཤེས་བྱ་དག་དངོས་ཡོད་དཔེ་གཞི་དང་ཟུང་འབྲེལ་སྒོས་དྲིལ་སྒྲོག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་དང་སྟབས་བདེའི་བྱེད་ཐབས་སྤྱད་ནས། མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པའི་སྐོར་གསལ་བཤད་བྱས། དེར་རྨ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣ་ཀུན་དགའ་རྒྱལ་མཚན་གྱིས་བཤད་རྒྱུར།

རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མངགས་བཅོལ་ལྟར། ང་ཁུལ་དམངས་སྲིད་ཅུའུ་ཡི་ཚབ་བྱས་ནས་སྲིད་ཇུས་གསར་བ་དྲིལ་སྒྲོག་བྱེད་དུ་ཡོང་བ་ཡིན། དེ་རིང་ཁུལ་དྲིལ་སྒྲོག་པུའུ་དང་ཐུན་རིན་གྲོང་ཁྱེར་དྲིལ་སྒྲོག་པུའུ། ཁུལ་དམངས་སྲིད་ཅུའུ་དང་ཁུལ་ཁྲིམས་འཛིན་ལས་ཁུངས་བཅས་ལས་ཁུངས་བཞི་ཡིས་མཉམ་འབྲེལ་སྒོས་སྲིད་ཇུས་གསར་པ་དང་ཁྲིམས་ལུགས་དྲིལ་སྒྲོག་བྱེད་སྒོ་སྤེལ་བཞིན་འདུག དྲིལ་སྒྲོག་གི་ནང་དོན་ནི། གཅིག་ནས་གོམས་སྲོལ་ངན་པ་དོར་ནས་གོམས་སྲོལ་བཟང་པོ་རྒྱུན་འཛིན་བྱེད་དགོས་པ་སྟེ། གཙོ་བོ་དུར་འཇུག་བྱ་བ་དེ་ཡིན། གཉིས་ནས་ཁྲིམས་དང་མི་མཐུན་པའི་སྒོ་ནས་གཉེན་རྟེན་ལེན་པ་དང་། གཉེན་སྒྲིག་ལོ་ཚོད་མ་རན་པར་གཉེན་སྒྲིག་པ། ལོ་ལོན་གྱི་ཞབས་ཞུ་དང་བཀུར་བསྟིའི་ཕྱོགས་ནས་འདང་གིན་མེད་པ་སོགས་ཀྱི་སྐོར་བཤད་པ་ཡིན།
ཁྲིམས་ལུགས་ཁྲིམས་སྲོལ་དང་གོམས་གཤིས་ལེགས་སྒྱུར་སྐོར་གྱི་དྲིལ་སྒྲོག་བྱེད་སྒོ་བརྒྱུད། ས་གནས་མང་ཚོགས་ཀྱི་ཁྲིམས་ལུགས་སྲུང་བ་དང་ཁྲིམས་ལུགས་སློབ་པ། ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་སྤྱོད་པ་བཅས་ཀྱི་རང་རྟོགས་ནུས་པ་མཐོ་རུ་བཏང་བས། ཡུལ་དེའི་མི་དམངས་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་ལ། རྗེས་ཕྱོགས་མུ་མཐུད་དུ་དམངས་ཀྱི་ཁེ་དབང་སྲུང་བར་འབྲེལ་བའི་སྲིད་ཇུས་དང་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱེད་པར་རེ་སྒུག་བྱས་འདུག དེའི་སྐོར་ནས་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ཐོ་ཀྱཱ་གྲོང་རྡལ་ཞང་ཡུན་རོལ་དབྱངས་ཚོགས་པའི་ལས་བྱེད་མི་སྣ་གཅོད་པ་ཚེ་རིང་གིས་བཤད་རྒྱུར།

དེ་རིང་རྨ་ལྷོ་ཁུལ་དྲིལ་སྒྲོག་པུའུ་དང་ཐུན་རིན་གྲོང་ཁྱེར་དྲིལ་སྒྲོག་པུའུ། ཐོ་ཀྱྰ་གྲོང་རྡལ་སོགས་ཀྱིས་རྩ་འཛུགས་བྱས་པའི་ཁྲིམས་ལུགས་དང་སྲིད་ཇུས་བསྒྲགས་པའི་བྱ་འགུལ་ཞིག་སྤེལ་བཞིན་འདུག ང་ཚོ་ཐོ་ཀྱྰ་གྲོང་རྡལ་ཞང་ཡུན་རོལ་དབྱངས་ཚོགས་པས་གོ་སྐབས་དེར་བསྟུན་ནས་རིག་རྩལ་གྱི་འཁྲབ་སྟོན་ཕུན་སུམ་ཚོགས་པ་ཞིག་བྱས་པ་དང་། རོལ་དབྱངས་ཚོགས་པའི་ཚོགས་མི་རྒན་ཤོས་ལོ་གྱ་གཉིས་ཡིན་ལ། ཆུང་ཤོས་ལོ་ལྔ་བཅུར་སླེབས་ཡོད། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ཐོ་ཀྱྰ་གྲོང་རྡལ་གྱི་སྡེ་མི་དང་ཞང་ཡུན་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་པ་ཡོངས་ཀྱིས་ཏང་གི་སྲིད་ཇུས་དང་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་སོང་།
བྱེད་སྒོ་མཇུག་སྒྲིལ་རྗེས། ཁྲིམས་ལུགས་དྲིལ་སྒྲོག་མི་སྣས་འབྲེལ་ཡོད་རྒྱུ་ཆ་ཁྱེར་ཏེ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཁྲིམས་ལུགས་ཤེས་བྱའི་འབྲེལ་ཡོད་རྒྱུ་ཆ་སྟེར་ཞོར་དེར་བསྟུན་གྱི་གསལ་བཤད་བྱས། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ནི་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་མཚོན་ཆ་ཡིན་པར་མ་ཟད། འབྲེལ་ཡོད་གྱོད་གཞི་སྣ་ཚོགས་ནུས་ལྡན་སྒོས་ཐག་གཅོད་ཐུབ་པར་འགན་སྲུང་བྱེད་པའི་རྒྱབ་རྩ་བརྟན་པོ་ཡིན་པའི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། ས་གནས་མང་ཚོགས་ཀྱི་བཅའ་ཁྲིམས་སྲུང་བའི་འདུ་ཤེས་མཐོ་རུ་བཏང་བ་དང་། དཔལ་ཡོན་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་དང་ཁྲིམས་སྐྱོང་ཅན་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས།
གསར་འགོད་པ། རྡོ་རྗེ་རྣམ་རྒྱལ། རིན་ཆེན་མཚོ།
ལྷ་མོ་འཚོ། སྲས་མོ་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།