
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་འཕྲོད་བསྟེན་ཐད་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱས་ཏེ། སྨན་བཅོས་ནུས་པ་ཇེ་མཐོར་གཏོང་བ་དང་འཕྲོད་བསྟེན་བྱ་བ་ལེགས་པོར་བསྒྲུབ་པའི་བརྒྱུད་རིམ་ཁྲོད། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་གཞི་རིམ་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་དང་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ཆ་རྐྱེན་གང་ལེགས་བསྐྲུན་ནས། ཐུན་རིན་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་བསྐངས་པར་བརྟེན། ས་གནས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད།
ཉེ་ལམ། གསར་འགོད་པས་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག སྨན་ཁང་གི་སྨན་བཅོས་སྒྲིག་གཞི་དང་སྨན་བཅོས་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་བ་སྟེ། གཅིག་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་ཀྱི་སྲིད་ཇུས་ཀྱི་དགེ་མཚན་ལ་བརྟེན་ནས། ཐོན་ཁུངས་མཉམ་སྤྱོད་རྐྱེན་སྲོལ་བཙུགས་པ་དང་། སྨན་བཅོས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ། སྨན་ཁང་གི་སྨན་བཅོས་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་། གཉིས་ནས་རྨ་ཁ་ཆུང་བའི་ཕོ་རྒྱུའི་ལྟ་ཤེལ་དང་རང་འགུལ་གྱི་ཁྲག་གི་གྲུབ་ཆ་དབྱེ་ཞིབ་ཡོ་བྱད་སོགས་དེང་རབས་ཅན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱས་ཤིང་། སྔར་མེད་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་གཞི་རིམ་མང་ཚོགས་ཀྱིས་སྨན་པར་བསྟེན་པ་དང་སྨན་བཅོས་བྱེད་པའི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས། དེའི་སྐོར་ནས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ། ཏུའུ་པའོ་ཀྲིན་གྱིས་ངོ་སྤྲོད་བྱེད་རྒྱུར།

ང་ཚོའི་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོ་ནས་ཆེས་སྔོན་ཐོན་གྱི་རིག་ནུས་སྒྲ་རླབས་པར་ལེན་དང་ཚོན་ལྡན་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་མ་ལག་སོགས་ནང་འདྲེན་བྱས་ཡོད། དཔེར་ན། DRདང BSལྟ་བུ་རེད། ང་ཚོའི་སྨན་པ་མང་པོ་ཞིག་ཞིང་ཆེན་ཕྱི་ནང་གི་སྨན་ཁང་དུ་སློབ་སྦྱོང་བྱེད་པར་མངགས་པས། ཁོ་ཚོས་སྨན་བཅོས་དགོས་མཁོ་དང་བསྟུན་པའི་ལག་རྩལ་སྣ་ཚོགས་ཁོང་དུ་ཆུད་པར་བྱས་ཡོད། དེས་དངོས་ཤུགས་དང་རྒྱུ་ཤུགས་གང་ཐད་ནས་ས་གནས་མང་ཚོགས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ཕྱོགས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
དུས་མཚུངས་སུ། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་སྨན་པ་རྒན་དར་གཞོན་གསུམ་གྱི་འཇོན་མི་སྐྱེད་སྲེང་བྱེད་ཐབས་གཙོ་བོར་བཟུང་ནས། སྨན་པ་དར་མ་ཚང་མས་ཞིང་ཆེན་རིམ་པའི་སྨན་ཁང་ནས་ཚད་ལྡན་གྱི་ཟབ་སྦྱོང་བྱས་ཏེ། སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ལ་རྒྱུས་ལོན་གང་ལེགས་བྱས་ཡོད་པ་དང་། ན་གཞོན་སྨན་པ་རྣམས་ཀྱིས་སྨན་པ་རྒན་གྲས་ཀྱི་རྗེས་སུ་འབྲངས་ནས་སྨན་བཅོས་བྱེད་ཐབས་གང་མང་རང་རྒྱུད་དུ་འབྱོར་ཅི་ཐུབ་བྱེད་ཀྱིན་ཡོད། དེས་མི་ཚད། སྨན་ཁང་གི་སྨན་གཡོག་མི་སྣས་ནད་པ་དང་འབྲེལ་འདྲིས་བྱེད་བདེ་ཆེད། བོད་སྐད་རང་སྦྱོང་བྱས་ཏེ། སྨན་ཁང་གི་ཞབས་ཞུ་ཇེ་ལེགས་སུ་བཏང་ཞིང་། དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་སྨན་པ་ཞིག་ཏུ་འགྱུར་བར་འབད་པ་བྱེད་ཀྱིན་མཆིས། དེའི་ཕྱོགས་ནས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་པ། སྙིང་ལྕགས་བྱམས་ཀྱིས་བཤད་རྒྱུར།

སྔོན་ཆད་ང་ཚོའི་ཕྱི་ནད་ཚན་ཁག་གིས་རྨ་ཁ་གཙང་སེལ་དང་བཙེམ་རྒྱུ་མ་གཏོགས་གཤགས་བཅོས་བྱེད་མི་ཐུབ་མོད། ད་སྔ་རྒྱལ་ཁབ་ཕྱི་ནང་གི་སྒྲིག་ཆས་གང་མང་ཞིག་ནང་འདྲེན་བྱས་ནས་སྨན་བཅོས་ལག་རྩལ་ཇེ་མཐོར་བཏང་བས་གཤགས་བཅོས་བྱེད་ཐུབ། ད་སྐབས་ཕོ་རྒྱུའི་ལྟ་ཤེལ་གྱི་གཤགས་བཅོས་དང་སྙིང་རྩ་འགག་པའི་གཤགས་བཅོས། ཐ་ན་མོ་ནད་ཀྱི་གཤགས་བཅོས་ཆེན་པོ་ཡང་བྱེད་ཐུབ།
དེ་ལས་གཞན། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་ཆེད་དུ་ཀྲུང་ལུགས་ཚན་ཁག་བཙུགས་ནས། ཚ་ངར་གསོ་བཅོས་བྱེད་ཐབས་དང་སྐམ་ཁབ། འཕུར་མཉེད་སོགས་ཀྲུང་ལུགས་ཀྱི་སྨན་བཅོས་བྱེད་ཐབས་གང་མང་སྤྱད་དེ་གཞི་རིམ་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་བྱེད་ཐབས་འདོན་སྤྲོད་བྱས་པས། ས་གནས་མང་ཚོགས་ཀྱིས་གདེང་འཇོག་མཐོན་པོ་བྱེད་ཀྱིན་འདུག དེར་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དུ་ཡོང་བའི་ནད་པ། སྒྲོལ་ལོས་བཤད་རྒྱུར།

ང་ནི་རྩེ་ཁོག་ནས་ཡོང་བ་ཡིན། ན་ནིང་སྒལ་བ་དང་སྐེ་ཚིགས་ལ་རུས་འཛེར་སྐྱེ་བར་བརྟེན། སྨན་ཁང་འདིར་ཡོང་ནས་མེ་ཁབ་རྒྱག་པ་དང་དཔྱད་བཅོས་སྣ་ཚོགས་བྱས་པས་དྲག་སྐྱེད་ཆེན་པོ་བྱུང་། དོ་ཚིགས་ཆེད་དུ་ཀྲུང་ལུགས་སྨན་ཁང་དུ་མེ་ཁབ་གདབ་ཏུ་ཡོང་བ་ཡིན། ངའི་ལྟ་ཚུལ་ལ་སྨན་ཁང་འདི་རུ་གདབ་ན་ཕན་ཐོགས་ཆེན་པོ་ཡོད་ཀི་སྙམ། ད་སྨན་ཁང་དུ་ཡོང་ནས་ཉིན་དྲུག་བདུན་ཞིག་འགོར་ཡོད་ལ། ལྟོས་བཅས་ཀྱིས་དྲག་སྐྱེད་ཆེན་པོ་བྱུང་འདུག
ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་མུ་མཐུད་དུ་གཞི་རིམ་དུ་རྐང་བཙུགས་ནས། སྤུས་ལེགས་ཅན་གྱི་སྨན་བཅོས་ཐོན་ཁུངས་དང་སྔོན་ཐོན་ལག་རྩལ་གཞི་རིམ་དུ་སྐྱེལ་བ་བརྒྱུད། མང་ཚོགས་ཀྱི་ལས་ཚགས་དང་འགྲོ་སོང་ཇེ་ཉུང་དུ་བཏང་སྟེ། ཁོ་ཚོའི་ཐོབ་སྣང་དང་བདེ་སྣང་སྔར་ལས་ཆེ་རུ་གཏོང་རྒྱུ་རེད།
གསར་འགོད་པ། རྡོ་རྗེ་རྣམ་རྒྱལ། རིན་ཆེན་མཚོ།
ལྷ་མོ་འཚོ། སྲས་མོ་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།