རྩེ་ཁོག་རྫོང་གིས་སློབ་གསོའི་སྤུས་ལེགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

རྩེ་ཁོག་རྫོང་གི་སློབ་གྲྭ་སོ་སོས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སློབ་གསོའི་སྐོར་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁྱད་ཆོས་ལྡན་པའི་སློབ་རའི་རིག་གནས་ལ་གཞིགས་ནས་སློབ་གསོ་སློབ་ཁྲིད་སྐོར་གྱི་བྱ་བ་གང་མང་སྒྲུབ་ཀྱིན་འདུག ནང་སྒོས་སུ་རྩེ་ཁོག་རྫོང་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་ལྟ་བུར་མཚོན་ན། འབྲོག་ཁུལ་གྱི་སློབ་གྲྭ་རྩེ་གྲས་ཤིག་འཛུགས་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས། དགེ་རྒན་ལ་བཀུར་ཞིང་སློབ་གྲོགས་བར་མཐུན་སྒྲིལ་ཡོད་པ། སློབ་སྦྱོང་བྱེད་པར་དགའ་བ་བཅས་ཕྱོགས་ཡོངས་ཀྱི་བྱང་ཚད་ལྡན་པའི་དུས་རབས་གསར་བའི་སློབ་མ་བཟང་པོ་ཞིག་སྐྱེད་སྲིང་བྱེད་པའི་ཐོག་མའི་སེམས་འདུན་ཡིད་ལ་བཅངས་ནས་འབད་ཀྱིན་མཆིས།

རྩེ་ཁོག་རྫོང་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་སྒྲིག་བཀོད་ལེགས་སྒྱུར་དང་། དབུལ་སྐྱོར་བདེ་སྡོད་ས་ཚིགས་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱེད་པ། དེ་མིན་དབུལ་སྐྱོར་བདེ་སྡོད་ས་ཚིགས་ཀྱི་གཞི་རིམ་མང་ཚོགས་ཀྱི་བྱིས་པས་ཁྱིམ་དང་ཐག་ཉེ་ས་ནས་སྤུས་ལེགས་སློབ་གསོ་མྱོང་ཐུབ་པར་སྟབས་བདེ་བཟོ་ཆེད་དང་། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་གནས་བབ་འོག 2021ལོའི་ཟླ9པའི་ཚེས1ཉིན་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་དངོས་སུ་སློབ་མ་བསྡུ་འགོ་བརྩམས་པ་དང་། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82247.7ཡོད་ཅིང་། སློབ་མ་དགུ་བརྒྱ་རེ་དྲུག་ཡོད། དེར་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་གཙོ་བཀྲ་རྒྱ་ཡིས་ངོ་སྤྲོད་བྱེད་རྒྱུར།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་རྩེ་ཁོག་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་གཞི་ཇེ་ལེགས་སུ་གཏོང་ཆེད2021ལོར་གསར་དུ་བཙུགས་པའི་སློབ་གྲྭ་ཞིག་རེད། མིག་སྔར། སློབ་གྲྭར་སློབ་མ་དགུ་བརྒྱ་རེ་དྲུག་དང་། དགེ་བཟོ་པ་གྱ་གསུམ་ཡོད་ལ། དེའི་ནང་ཆེད་ལས་དགེ་རྒན་ང་གཅིག་ཡོད། སློབ་གྲྭའི་ཕྱིའི་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་དོ་དམ། སློབ་ཁྲིད་ཡོ་བྱད་དང་། སློབ་གསོའི་ཆུ་ཚད། དེར་མ་ཟད་སློབ་རའི་བདེ་འཇགས་སོགས་ཕྱོགས་ཡོངས་ནས་ཅུང་ཚད་ལྡན་ཅན་དུ་གྱུར་བའི་སློབ་གྲྭ་ཞིག་ཡིན། ད་ལྟ་ང་ཚོའི་སློབ་གྲྭའི་འགོ་ཁྲིད་རྣམ་པ་དང་དགེ་བཟོ་པ་ཡོངས་ཀྱིས་ཁྱིམ་བདག་གི་བློ་བདེ་ཞིང་སློབ་མའི་སེམས་སྐྱིད་པ། སྤྱི་ཚོགས་ཡིད་ཚིམ་པའི་སློབ་གྲྭ་ཞིག་ཏུ་འགྱུར་བར་འབད་པ་བྱེད་ཀྱིན་ཡོད།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གིས་དགེ་རྒན་གྱི་དཔུང་སྡེ་འཛུགས་པའི་སྐོར་ལ་ཤུགས་བསྣན་ནས། ན་གཞོན་དགེ་རྒན་མང་པོ་ཞིག་བསྡུ་འགུག་བྱས་པ་དང་། ཁོ་ཚོས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་རྣམ་པའི་སློབ་ཁྲིད་བྱེད་ཐབས་གསར་བ་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ། སློབ་མ་ཚོར་སྤུས་ལེགས་ཀྱི་སློབ་སྦྱོང་ཐོན་ཁུངས་མཁོ་འདོན་བྱས། དེའི་སྐོར་ནས་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་རྒན་ཡི་དམ་ཚེ་རིང་གིས་བཤད་རྒྱུར།

ང་ཚོའི་སློབ་ཁྲིད་ཀྱི་ཁྱད་ཆོས་གཙོ་བོ་ནི་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ཡིན་ལ། སློབ་ཁྲིད་བྱེད་ཐབས་དེ་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དང་བསྡུར་ན་མི་འདྲ་ས་ནི་སློབ་ཁྲིད་སྐབས་སུ་སློབ་མ་དཀྱིལ་སྙིང་དུ་བཟུང་ནས་དགེ་རྒན་གྱིས་མཛུབ་སྟོན་བྱེད་ཅིང་། སློབ་མ་རྣམས་ཀྱིས་ཚོ་ཆུང་བགྲོ་གླེང་དང་འདུག་གྲོགས་ཕན་ཚུན་བར་གྲོས་བསྡུར་བྱེད་པ་ཞིག་ཡིན། དེས་སློབ་མའི་སྙིང་སྟོབས་དང་གཏམ་བརྗོད་ཀྱི་ནུས་པ། རང་རྟོགས་ནུས་པ་བཅས་སྐྱེད་སྲིང་བྱེད་ཐུབ།

དུས་མཚུངས་སུ། དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གིས་སློབ་མའི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། རི་མོ་དང་ཡིག་གཟུགས། ཆ་འཕྲིན་ལག་རྩལ་སོགས་བྱིས་པའི་བློ་ཁ་དང་འཚམ་པའི་སློབ་ཁྲིད་མང་པོ་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་གླུ་དབྱངས་དང་ཞབས་བྲོར་འབྲེལ་བའི་རིག་རྩལ་སྐོར་གྱི་བྱེད་སྒོ་སྣ་མང་སྤེལ་ཏེ། སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་སྔར་ལས་ཆེ་རུ་བཏང་ཡོད། དེའི་ཕྱོགས་ནས་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་མ་འབྲུག་མོ་སྒྲོལ་མས་སྤོབས་ཉམས་ཀྱིས་བཤད་རྒྱུར།

ངས་སློབ་སྦྱོང་གི་ཕྱོགས་ནས་ངོ་སྤྲོད་རགས་ཙམ་ཞིག་བྱས་ན། ངས་སྐད་ཡིག་དང་གྲངས་རིག རྒྱ་ཡིག དབྱིན་ཡིག རི་མོ། རྩལ་སྦྱོང་དང་ཚན་རིག་ལ་སོགས་བསླབ་ཚན་མང་པོ་ཞིག་སྦྱོང་བཞིན་ཡོད། ང་ཚོའི་སློབ་གྲྭས་ཞབས་བྲོའི་ཚོ་ཆུང་དང་གླུ་དབྱངས་ཚོ་ཆུང་། རི་མོ་ཚོ་ཆུང་། ཡིག་གཟུགས་ཚོ་ཆུང་། རྐང་རྩེད་སྤོ་ལོ་ཚོ་ཆུང་སོགས་དགའ་ཕྱོགས་ལྟར་ཚོ་ཆུང་མང་པོ་བཙུགས་ཡོད་ལ། ང་རང་ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་བའི་རྐྱེན་དང་། སློབ་གྲྭ་དང་དགེ་རྒན་རྣམས་ཀྱི་རྒྱབ་སྐྱོར་འོག་ཏུ་ཞབས་བྲོའི་དགའ་ཕྱོགས་ཚོ་ཆུང་ནང་ཞུགས་ཐུབ་སོང་།

ཉེ་བའི་ལོ་འདི་འགར། རྩེ་ཁོག་རྫོང་གིས་ཤར་ནུབ་རྒྱུད་རོགས་རེས་ཀྱི་རྐྱེན་སྲོལ་དང་ནང་ལོག་གི་ཐེན་ཅིན་གྲོང་ཁྱེར་སོགས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། ས་གནས་ཀྱི་སློབ་མ་མང་པོ་ཞིག་ཐེན་ཅིན་སོགས་སུ་སློབ་གྲྭར་མངགས་པའི་ཕྱིར། མཐོ་སྒང་གི་བུ་ཕྲུག་མང་པོར་སློབ་གསོ་མྱོང་བ་དང་སློབ་སྦྱོང་བྱེད་པའི་གོ་སྐབས་སྔར་ལས་བཟང་པོ་རེག་སྟེ། ས་གནས་ཀྱི་སློབ་གསོའི་ཐད་གྲུབ་འབྲས་ལེགས་པོ་ཞིག་བླངས་ཡོད་ལ། ལྷག་ཏུ་ད་ལོའི་མཐོ་རྒྱུགས་ཁྲོད་ཞིང་ཆེན་རིམ་པ་ལས་ཕུལ་དུ་བྱུང་བའི་སྐར་འབྲས་བླངས་ཡོད། དེའི་ཐད་ནས་ཐེན་ཅིན་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་པིན་ཧའེ་སློབ་གྲྭའི་སློབ་མ་རང་གྲོལ་རྡོ་རྗེ་ཡིས་བཤད་རྒྱུར།

ངས་ད་ལོའི་མཐོ་རྒྱུགས་ཁྲོད་ནས་མི་རིགས་སྐད་ཀྱི་སྐར་མ་ལྟར་རྩིས་ཚན་གྱི་ཨང་དང་པོའི་རྒྱུགས་འབྲས་ལོན་སོང་བས་དགའ་སྤྲོ་ཆེན་པོ་སྐྱེ་ཡོད། གོང་རིང་གྱི་སྲིད་ཇུས་དང་། རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་བཅས་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག ང་ཚོའི་སློབ་མ་བཞི་བཅུ་ལྷག་ལ་ཐེན་ཅིན་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་པིན་ཧའེ་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་རེག་པ་དང་། པིན་ཧེའི་སློབ་གྲྭའི་དགེ་རྒན་གྱི་མཛུབ་སྟོན་དང་སློབ་གྲོགས་ཚོའི་མཛའ་བརྩེ་ལས་ད་ལོའི་མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་བཟང་པོ་ཞིག་ལེན་ཐུབ་སོང་། ངས་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་ཐུགས་ཁུར་དང་། དགེ་རྒན་དང་ཕ་མ། ཤ་ཚ་ཉེ་རིང་ཀུན་གྱི་རྒྱབ་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

རྩེ་ཁོག་རྫོང་གིས་མུ་མཐུད་དུ་སློབ་གསོའི་བྱ་བ་གཙོ་བོར་བཟུང་ནས། སྤུས་ལེགས་ཅན་གྱི་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱེད་པ་དང་། ས་གནས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་བཏང་སྟེ། རྫོང་ཡོངས་སུ་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རེད།

སློབ་མ་ཚོས་བགྲོ་གླེང་བྱེད་བཞིན་པའི་རྣམ་པ།

གསར་འགོད་པ། རྡོ་རྗེ་རྣམ་རྒྱལ། རིན་ཆེན་མཚོ།

  ལྷ་མོ་འཚོ། སྲས་མོ་སྒྲོལ་མ།      

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།