
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་པའི་བྱ་བ་སྤེལ་བའི་ཚུན་ལ། ཧི་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བ་ལེགས་བཅོས་དང་དེར་ཤུགས་སྣོན་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་རིགས་མཐུན་སྒྲིལ་གཙོ་ཐིག་ཏུ་བཟུང་ནས། བློ་སྒྲིལ་སེམས་སྐྱེད་ཀྱིས་མཐུན་སྒྲིལ་དམ་འཛིན་བྱས་པ་དང་། ཐུན་མོང་འཕེལ་རྒྱས་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་མཛེས་སྡུག་གི་མེ་ཏོག་དེ་ཧི་ནན་གྱི་ས་གཞི་ཆེན་མོར་སྡུག་གུར་བཞད་པར་བྱས།
ཉེ་བའི་ལོ་འདི་དག་གི་རིང་ལ། ཧི་ནན་རྫོང་གིས་ཏང་འཛུགས་ཀྱིས་གསར་འཛུགས་ལ་སྣེ་ཁྲིད་པ་དང་གསར་འཛུགས་ཀྱིས་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན། ཡུན་ཕན་རང་བཞིན་བཅས་ཀྱི་བྱ་བར་བརྩིས་ནས་དམ་འཛིན་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དེ་ཉིན་རེའི་གྲོས་དོན་གཙོ་བོའི་གྲས་སུ་བཞག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ལ། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ཧུར་ཐག་སྒོས་སྒྲུབ་ནས་གྲུབ་འབྲས་ཅུང་བཟང་པོ་ཞིག་བླངས་ཡོད། དེའི་སྐོར་ནས་ཧི་ནན་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་སྒོམ་པ་ཐར་གྱིས་བཤད་རྒྱུར།

གཅིག་ནས། རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་བྱ་བར་གཙིགས་ཆེན་བྱས་ཤིང་། འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཐེངས་མང་པོར་སློབ་སྦྱོང་བྱེད་ཀྱིན་ཡོད།
གཉིས་ནས། མི་རིགས་མཐུན་སྒྲིལ་བྱ་བ་དེ་གཞི་རིམ་དུ་བསྐྱོད་པ་དང་ལས་ཁུངས་སུ་བསྐྱོད་པ། ཡུལ་ཚོ་དང་གྲོང་རྡལ་དུ་བསྐྱོད་པ། ཁྱིམ་ཚང་དུ་བསྐྱོད་པ་སོགས་བསྐྱོད་པ་བཅུ་གཉིས་གཙོ་བོར་བཟུང་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། རྫོང་ཡོངས་སུ་ཁེབས་པར་བྱས།
གསུམ་ནས། ཧི་ནན་རྫོང་ནི་ཀན་སུའུ་དང་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་མང་པོར་འདབས་འབྲེལ་ཡོད་པས། ལོ་རྒྱུས་དང་ཐོན་ལས་ཀྱི་འབྲེལ་བ་ཟབ་མོ་ལྡན། དེར་བརྟེན། ལོ་རེར་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེའི་ཆིངས་ཡིག་བཞག་ནས། ས་མཚམས་ཀྱི་མཐུན་སྒྲིལ་དང་བདེ་འཇགས་ལ་མུ་མཐུད་དུ་ཤུགས་སྣོན་གྱིན་ཡོད།
དེ་དང་མཉམ་དུ། ཧི་ནན་རྫོང་གིས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་པ་དང་། ཏང་གི་མི་རིགས་སྲིད་ཇུས་སྒྲོག་འགྲེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་སོགས་ཀྱི་བྱ་འགུལ་སྤེལ་ཞིང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཐུན་མོང་དང་དཔེ་སྟོན་མི་སྒེར་མིག་དཔེར་བཟུང་ནས། ཁོ་ཚོའི་དཔེ་སྟོན་ནུས་པ་དང་སྣེ་ཁྲིད་ནུས་པར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ས་གནས་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པར་བྱས། 2024ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་གྱི་གཟེངས་རྟགས་ཐོབ་མཁན་ཁྲང་ངེ་ལགས་ལྟ་བུར་མཚོན་ན། གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྒྲུབ་མཁན་གྱི་མིག་དཔེ་ཡིན་ཏེ། ཁོང་ནི་སྤྱི་དོན་གཙིགས་སུ་འཛིན་པ་དང་། གཞན་ཕན་ལྷག་བསམ་དཀར་བ། བློ་ཕུགས་རིང་ཞིང་སྣེ་ཁྲིད་ནུས་པ་ལྡན་པའི་མགོ་འདྲེན་བཟང་པོ་ཞིག་རེད། ཁོང་གིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་རིང་། ཐོག་མཐའ་བར་གསུམ་དུ་ཏང་འཛུགས་ཀྱི་བྱ་བར་ཧུར་ཐག་གིས་ཞུགས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་མི་རིགས་བྱ་བ་དང་མི་རིགས་སྲིད་ཇུས་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྱི་ཐད་ནས་ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་པར། ཏང་གི་སྲིད་ཇུས་བཟང་པོ་དེ་ལམ་ལུང་སྡེ་བར་དྲངས་ནས་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཀྱིན་ཡོད། ཁོང་གིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར།

གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བ་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཕྱོགས་ལ་གྲུབ་འབྲས་ངེས་ཅན་བླངས་ཡོད་པའི་སྡེ་བ་ཞིག་ཡིན་ལ། སྔོན་ཆད་ནས་བཟུང་། སྡེ་བའི་རྒན་པ་རྣམས་ཀྱིས་མཐུན་སྒྲིལ་ནི་ཀུན་གྱི་རྩ་བ་ཡིན་ཞིང་། རུ་ཁ་ཁྱིམ་མཚེས་བར་ལ་མཐུན་སྒྲིལ་དགོས་པ་དང་། མཐུན་སྒྲིལ་མེད་ན་སྡེ་བར་མགོ་རྔ་མེད་ཅེས་སློབ་གསོ་བཏང་མྱོང་བའི་ཕྱིར། ད་སྐབས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ལེགས་པོ་ཤིག་མངོན་ཡོད།
ལམ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། ཁྲང་ངེ་ལགས་ཀྱིས་སྤྱི་དོན་ནི་བྱ་གཞག་གི་རྩ་དོན་ཡིན་པའི་འདུ་ཤེས་སེམས་ལ་བརྟན་པོར་བཟུང་ནས། ནམ་རྒྱུན་སྡེ་བའི་རྒན་པ་རྣམས་དང་མཉམ་དུ་སྡེ་དོན་ལ་གྲོས་བསྡུར་བྱས་ཤིང་། རྫོང་དང་ཁུལ་སོ་སོའི་འབྲེལ་ཡོད་མགོ་ཁྲིད་དང་ལག་རྩལ་མི་སྣ་མང་པོར་བློ་དྲིས་ཏེ། སྡེ་བ་ཕྱུག་འགྱུར་གྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས། དུས་མཚུངས་སུ། ས་གནས་རང་གི་ཁྱད་ཆོས་ལྡན་པའི་རྩྭ་ས་དང་ཕྱུགས་རིགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། རང་ཡུལ་གྱི་ཤོ་དོ་ནོར་གནག་གི་མིང་བྱང་གསར་གཏོད་བྱས་ཤིང་། གཞན་དང་མི་འདྲ་བའི་ཚོང་ལམ་གསར་འབྱེད་བྱས་པར་བརྟེན། བློ་ཡུལ་ལས་འདས་པའི་གྲུབ་འབྲས་བཟང་པོ་ཐོབ་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་ཕྱིན། ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲང་ངེ་ལགས་ཀྱི་སྣེ་ཁྲིད་འོག ལམ་ལུང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་གཞན། མཐུན་སྒྲིལ་ཐད་ནས་ཀྱང་སྣང་ཚུལ་ལེགས་པོ་མངོན་ཡོད་དེ། སྡེ་མི་དང་སྡེ་མིའི་བར་དང་། ཁྱིམ་ཚང་དང་ཁྱིམ་ཚང་བར། སྡེ་བ་དང་སྡེ་བའི་བར་ཕན་ཚུན་རོགས་རེས་དང་ཕན་ཚུན་འགྲོ་འོང་གི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད། དེར་གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་མཉམ་ལས་ཁང་གི་འགན་འཛིན་པ་དཔལ་ལྡན་རྡོ་རྗེས་བཤད་རྒྱུར།

ང་ནི2019ལོར་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་བྱ་བ་གཉེར་མཁན་ཐོག་མའི་གྲས་ཡིན། ངས་ལོ་འདི་དག་ལ་བསྒྲུབས་པའི་བྱ་བར་ཕྱིར་ལྟ་ཞིག་བྱས་ན། ང་ཚོའི་ལམ་ལུང་སྡེ་བའི་གཞི་རིམ་གྱི་མགོ་ཁྲིད་ཚན་ཆུང་ནི་བྱ་བ་བསྒྲུབ་པའི་འདུ་ཤེས་ཅན་ཏག་ཏག་ཡིན་ལ། ལམ་ལུང་སྡེ་བ་ཡང་ཕན་ཚུན་བར་མཐུན་སྒྲིལ་ལྡན་པའི་དཔེ་བཟང་སྡེ་བ་ཞིག་ཡིན། ན་ནིང་ང་ཚོའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲང་ངེ་ལགས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ་དང་། ད་ལོར་ལམ་ལུང་སྡེ་བ་དེ་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་དཔལ་ཡོན་སྡེ་བར་བདམས་ཐོན་བྱུང་སོང་། མ་འོངས་པར། ངས་བྱ་བ་བསྒྲུབ་པའི་བརྒྱུད་རིམ་ཁྲོད་དུ་མཐུན་སྒྲིལ་གཙིགས་སུ་བཟུང་སྟེ། དྲང་བདེན་དང་གནས་ལུགས་ལྡན་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་བྱ་བ་བསྒྲུབ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
ལམ་ལུང་སྡེ་བས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མི་སྒེར་ཁྲང་ངེ་ལགས་ཀྱི་མཛད་རྗེས་ལ་མུ་མཐུད་དུ་སློབ་སྦྱོང་བྱས་ནས་ཐུན་མོང་འཕེལ་རྒྱས་ཀྱི་ལམ་ཁར་སྙེག་ཅིང་། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་བའི་མིང་བྱང་བརྩོན་ལེན་བྱས་ཏེ། ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེང་སའི་དཔེ་བཟང་སྡེ་བའི་མ་འོངས་པ་བསྐྲུན་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཧི་ནན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྐང་བཙུགས་ཏེ། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཧུར་ཐག་གིས་འཛུགས་སྐྲུན་བྱེད་རྒྱུ་རེད།
གསར་འགོད་པ། རྡོ་རྗེ་རྣམ་རྒྱལ། རིན་ཆེན་མཚོ།
ལྷ་མོ་འཚོ། སྲས་མོ་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།