

སྨན་བཅོས་རོགས་སྐྱོར་བྱས་པས་མཐོ་སྒང་མི་དམངས་ཀྱིས“སྨན་བཅོས་བྱེད་ཐུབ་པ་དང་སྨན་བཅོས་ཡག་པོ་བྱེད་ཐུབ་པར་གྱུར།”

རོགས་སྐྱོར་ལས་བྱེད་པས་མཚོ་སྔོན་ལ་འཇོན་མིའི་རུ་དཔུང་བརྟན་པོ་ཞིག་གསོ་སྐྱོང་བྱས།
དབྱར་གཞུང་གི་གསེར་དངུལ་རྩྭ་ཐང་ནི་གོས་ལྗང་བཀླུབས་པ་དང་འདྲ་ཞིང་། སྤྲིན་དཀར་གྱི་འདབ་མ་ཡུག་གཅིག་གངས་རིའི་སྤོ་ལ་འཁྱུད་པ་ནི་གཞོན་ནུ་མ་ཞིག་གི་སྐེད་ལ་གཡང་ཊིའི་སྐ་རགས་བཅིངས་པ་དང་གཉིས་སུ་མེད་ལ། སྔོ་ལྗང་གི་ཤམ་ལྭའི་འདབས་སུ་ནོར་ལུག་གི་ཕྲ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཙོང་ཆུའི་འབྱུང་ཡུལ་གྱི་འབྲོག་ལུག་གསོ་སྤེལ་རྟེན་གཞི་རུ། འགན་འཁུར་པ་དོན་གྲུབ་ཀྱིས་གཞི་གྲངས་ཟིན་ཐོར་འགོད་ཞོར། གཟན་ཆས་ཀྱི་སྡེབ་ཚད་སྙོམ་སྒྲིག་བྱེད་པར་བྲེལ་བཞིན་ཡོད། སྤུ་མདོག་ཡག་ཅིང་ཤ་ཤེད་རྒྱས་པའི་འབྲོག་ལུག་དག་ལ་ལྟ་བཞིན། དོན་གྲུབ་ཀྱི་གདོང་ལ་བདེ་སྐྱིད་ཀྱི་སྤྲོ་འཛུམ་ཞིག་རྒྱས་འདུག
“ཁྱོད་ཀྱི་ལུག་ཅི་འདྲ་རེད”སྐབས་དེར། སྐད་གདངས་སྦོམ་པོ་ཞིག་སྒོ་ཁ་ནས་མཆེད་ཡོང་།
“འོ། ཀྲུའུ་རིན་ཀྲུའུ་མ་ཡིན་ནམ། གཟའ་འཁོར་སྔོན་མར་ལུ་གུ་བརྙངས་ཏེ། ཁྱོད་ཀྱིས་དུས་ཐོག་ཏུ་མཛུབ་སྟོན་བྱས་ནས་སྨན་བླུད་པ་མིན་ཚེ། གྱོང་གུན་ཆེན་པོ་ཐེབས་ངེས་རེད།”དོན་གྲུབ་ཀྱིས་ཀྲུའུ་ལའེ་ཡོང་བཞིན་པ་མཐོང་མ་ཐག དེ་མ་ཉིད་དུ་ལག་པ་གཉིས་མདུན་དུ་སྲིང་བཞིན་མགྱོགས་པོར་མདུན་བསུ་རུ་བརྒྱུགས་བྱུང་།
ཁོ་གཉིས་ཀྱིས་ལག་འཇུ་བྱེད་པའི་བར་གླགས་དེར། གཅིག་གི་མིག་མདངས་ལས་དྲིན་གཟོ་དང་བརྩི་བཀུར་མངོན་ཞིང་། གཅིག་གི་མིག་ཟུང་ནས་སྐུལ་མ་དང་བག་བདེ་མངོན་འདུག
རྣམ་པ་འདིས་ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའམ་མཚོ་བྱང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ལའེ་དང་དོན་གྲུབ་བར་གྱི་མཛའ་བརྩེ་ཟབ་མོ་མཚོན་པར་མ་ཟད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཀྲུའུ་ལའེ་ལྟ་བུའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་གྲངས་མེད་ཅིག་གིས་ས་གནས་ཀྱི་ལས་བྱེད་མང་ཚོགས་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་པ་དང་། མཉམ་དུ་འབད་འཐབ་བྱས་པའི་ཉམས་བཟང་མངོན་པར་མཚོན་ཡོད།
མཚོ་སྔོན་ལ་རོགས་སྐྱོར་བྱེད་ཡུན་ཐེངས་གསུམ་ལ་བསྲིངས་པ་དང་ལོ་དྲུག་རིང་ལ་བརྟན་སྲུང་གསོལ་འབུལ་བྱས་པའི་ཀྲུའུ་ལའེ་ཡིས་ཞིང་ཕྱུགས་ལས་ཐད་ཀྱི་སྔོན་ཐོན་ལག་རྩལ་གངས་རིའི་ལྗོངས་སུ་བསྣམས་ཡོང་བ་དང་། གཟུར་མེད་ཀྱི་འཚོལ་སྙེག་ལ་བརྟེན་ནས་ཤེས་བྱ་དང་རྔུལ་ཆུ་འདྲེས་མའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བགྲོད་ལམ་ཞིག་ཁད་ཀྱིས་བསྐྲུན།
བགྲོད་ལམ་འདི་ནི་རི་ཆུ་སྟོང་ཕྲག་བརྒལ་བའི་གསོལ་འབུལ་གྱི་བགྲོད་ལམ་ཞིག་ཡིན་ལ། རེ་བའི་ས་བོན་གཏོར་བའི་འབད་འཐབ་ཀྱི་བགྲོད་ལམ་ཞིག་ཡིན་པར་མ་ཟད། ལག་རྡང་གཅིག་ཏུ་སྦྲེལ་ནས་རྒྱལ་ཁ་མཉམ་བརྩོན་བྱེད་པའི་མཛའ་མཐུན་གྱི་བགྲོད་ལམ་ཞིག་ཀྱང་རེད།
བགྲོད་ལམ་འདིའི་སྟེང་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་རྣམས་ཀྱིས་ངར་སེམས་ཆེན་པོ་དང་ཆོད་སེམས་བརྟན་པོ་ཁྱེར་ནས། ཁྱད་ལྡན་ཐོན་རྫས་སྔར་ལས་མང་པོ་ཞིག་མེད་པ་ནས་ཡོད་པ་དང་། ཁ་ཐོར་ནས་གཅིག་བསྡུས་བྱས་ལ། ཉམས་ཞན་ནས་འཕེལ་རྒྱས་སུ་བཏང་ཡོད།
“pHཡི་གྲངས་ཐང5.82དང་། དབྱང་རླུང་ཞུ་ཚད་ཧྲེང་རེར་ཧའོ་ཁེ12། ཆུའི་དྲོད་ཚད6.1℃བཅས་ནི་ཚད་གཞི་དང་མཐུན།”གཞི་གྲངས་འདི་དག་ནི་མཚོ་བྱང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁྱག་ཉ་མོ་གསོ་སྤེལ་དང་མྱུག་གསོ་རྟེན་གཞིའི་མགོ་པ་ལིའུ་ལི་ཀྲིའི་སེམས་སུ་གསལ་ལེར་བཟུང་ཡོད། ཉིན་རེའི་ཆུ་ཚོད8ཀྱི་སྟེང་། ལིའུ་ལི་ཀྲི་རྟེན་གཞིའི་གསོ་སྤེལ་འཁོར་ཁང་གི་ཉ་རྫིང་འགྲམ་དུ་སོང་ནས་ནན་ཏན་ངང་གཞི་གྲངས་ཟིན་ཐོར་འགོད་པ་དང་། ཉ་ལ་གཟན་ཆས་སྟེར་བ། ཉ་རྫིང་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་པ་རེད། “གལ་ཏེ་མཚོ་སྔོན་ལ་ཁ་གཏད་པའི་རོགས་སྐྱོར་འདི་མེད་ཚེ། མདོ་ལ་རི་བོའི་ཁོང་གསེང་ནས་ཡོང་བའི་འཁྱག་རོམ་དང་རྫ་ཆུ་གྲང་མོའི་ནང་དུ་ཉ་ཕྲུག་འདི་དག་ཇི་ལྟར་གསོའམ། འདི་དངོས་གནས་བློ་ཡུལ་ལ་འཆར་དཀའ་བ་ཞིག་རེད།‘སྐམ་མཚོ་མཉམ་མཐུད’ཀྱི་བསམ་ཕྱོགས་བརྒྱུད་ནས་ཧོང་ཧེའི་འགྲམ་ངོགས་དང་སྦྲེལ་མཐུད་བྱས་ཏེ། མྱུག་གསོ་ནས་གསོ་སྤེལ་གྱི་འཁྱག་ཉའི་ཐོན་ལས་ཕྲེང་འབྲེལ་ཞིག་གྲུབ་པར་བྱས་ཡོད།”
སྤྱི་ལེ་བརྒྱད་བརྒྱའི་མུ་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོ་ནས་གཙང་གསུམ་འབྱུང་ཡུལ་བར་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ནས་རྨ་ཙོང་གྲོག་རོང་བར་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཁག་ཁུར་དང་གསོལ་འབུལ་བྱེད་པའི་སྙིང་སྟོབས་ཀྱིས་ཁོད་ཡངས་པའི་མཚོ་སྔོན་གྱི་ས་གཞི་ཆེན་མོར་ཐོན་ལས་དར་སྤེལ་གྱིས་མི་དམངས་ཕྱུག་པོར་བསྒྱུར་བའི་སྙན་འཇེབས་ཡིད་འོང་གི་ལེའུ་བྲིས་ཡོད། ཁོ་ཚོས་རི་ཆུ་བརྒལ་བའི་བློ་གྲོས་ལ་བརྟེན་ནས། དཔྱིད་ཀྱི་སྦྲང་ཆར་ཇི་བཞིན་ཁུ་སིམ་མེར་དམངས་འཚོའི་ས་ཞིང་བརླན་པར་བྱས་ལ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་འདུན་གསལ་བར་བྱས་ཡོད།
ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་ཆེད་ལས་ལ་སློབ་སྦྱོང་བྱེད་བཞིན་པའི་བསོད་ནམས་སྐྱིད་ཀྱི་རྐང་ལ་ད་དུང་ཡང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཅང་སུའུ་ཡི་ལས་བྱེད་པའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ཞུས་ཧོང་ཧྥུན་གྱིས་བྱིན་པའི་ལུས་རྩལ་ལྷམ་དེ་གྱོན་འདུག ལྷམ་དེ་ནི་མོའི་སེམས་ཁོང་གི་ཆེས་རྩ་ཆེ་བའི་དངོས་རྫས་ཤིག་ཡིན་ལ། དེ་ཡིས་ལེ་བར་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་ཟབ་མོ་ཞིག་མཚོན་ཡོད། “ལྷམ་དེ་གོན་ནས་ཁྱོད་ཀྱིས་རང་གི་ཕུགས་འདུན་སྙེགས་ཤིག”ཞུས་ཧོང་ཧྥུན་གྱི་སྐད་ཆར་དྲོད་ཁོལ་ལྡན་ལ་སྟོབས་ཀྱིས་ཁྱོགས་པས། ད་ལྟའི་བར་དུའང་བསོད་ནམས་སྐྱིད་ལྷོད་མེད་མདུན་དུ་སྐྱོད་པའི་སྒུལ་ཤུགས་སུ་གྱུར་ཡོད། ལྷམ་དེ་གོན་ཐེངས་རེ་རེར་བསོད་ནམས་སྐྱིད་ཀྱིས་ཞུས་ཧོང་ཧྥུན་གྱི་གཅེས་སེམས་དང་རེ་བ་རྣལ་མ་དེ་མྱོང་བཞིན་ཡོད་དེ། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་ཡོད་དུས། ཞུས་ཧོང་ཧྥུན་གྱིས་མོར་བློ་སེམས་ཞིབ་མོའི་ཐུགས་ཁུར་དང་མཛུབ་སྟོན་གནང་བ་སྟེ། སློབ་སྦྱོང་ཐད་སུན་པ་མེད་པར་དོགས་པ་སེལ་བ་ཙམ་མ་ཡིན་པར། ནང་བསམ་པའི་ཐད་ནས་མོ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཡོད། “དགེ་རྒན་ཞུས་ལགས་ཡོད་པས། ང་རང་ད་གཟོད་རི་ལུང་ནས་ཐར་ཏེ། ཕུགས་འདུན་འཚོལ་སྙེག་དང་ནུས་རྩལ་སློབ་སྦྱོང་བྱེད་ཐུབ་པ་བྱུང་། མ་འོངས་པར་ཕྱིར་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ཟླ6པར་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སློབ་གསོ་ཚུད་པའི་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་མངོན་པ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་དྲོད་སྐྱིད་གང་ལེགས་ཀྱིས་མཚོན་ཡོད།
དྲོད་སྐྱིད་དེས་དཔལ་ཐང་རྩྭ་ཐང་འཕེལ་རྒྱས་འགྲོ་བར་རེ་བའི་འོད་སྣང་སྦྱིན།
འདས་ཟིན་པ་ལ་ཕྱིར་མིག་བལྟས་ན། ཡུས་ཧྲུའུ་ས་ཆའི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཏོང་བར་ཚོད་འཛིན་ཚབས་ཆེན་ཐེབས་བཞིན་ཡོད། དཀའ་ངལ་དེར་འགྱུར་ལྡོག་གཏོང་ཆེད། རྒྱལ་ཁབ་གློག་དྲ་ཀུང་སིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས་ཡུས་ཧྲུའུ་སྐུད་ལམ་ཐེངས་གཉིས་པའི་སྟོང་ཧྥུ330ཡི་བཟོ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ད་ལོ་སྤྱི་ལེ507.5ཡོད་པའི་གློག་ཤུགས“མཁའ་ལམ”གྱིས་དམིགས་བསལ་གྱི་ལས་འགན་དང་དོན་སྙིང་བཏེགས་ནས་ཡུས་ཧྲུའུ་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་གསར་པ་ཞིག་ཏུ་བསྒྱུར་རྒྱུ་རེད།
དྲོད་སྐྱིད་དེས་མཚོ་བོད་མཐོ་སྒང་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བསམ་པའི་རྣམ་པར་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད།
“ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་ཁྲག་གཙང་འགྱུར་ལྟེ་གནས་བསྐྲུན་པ་ནས་བཟུང་། ངས་རང་ཁྱིམ་གྱི་སྒོ་ཁ་རུ་ཟུངས་ཁྲག་བསང་བཅོས་བྱེད་ཐུབ་པས། ཕར་རྒྱུག་ཚུར་རྒྱུག་གི་དཀའ་ངལ་མེད་པར་མ་ཟད། བུ་མོས་ཀྱང་སེམས་བདེ་མོའི་ངང་རང་ཉིད་ཀྱི་ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཐུབ།”ལོ་ན60ལ་སླེབས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་མི་སྒྲོལ་མའི་ད་ལྟའི་ལུས་ཕུང་གི་གནས་ཚུལ་ལོ་ཕྱེད་སྔོན་དང་བསྡུར་ན་ཇེ་བཟང་དུ་ཕྱིན་ཡོད། ཟི་ལིང་དུ་སྨན་བཅོས་བྱས་པའི་ལོ་དེ་དག་ནི་སྒྲོལ་མ་ཚང་ལ་མཚོན་ན་ཁུར་པོ་ཆེན་པོ་ཞིག་རེད། “ཟི་ལིང་དུ་ཁང་པ་གླས་ནས་སྡོད་དགོས་ལ། བུ་མོས་ཐོག་མཐའ་བར་གསུམ་དུ་ང་ལ་བདག་སྐྱོང་བྱེད་དགོས་པས་རང་ཉིད་ཀྱི་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་མི་ཐུབ། སྐབས་དེར་སྨན་བཅོས་བྱེད་མཚམས་འཇོག་པའི་བསམ་ཚུལ་ཡང་སྐྱེས་མྱོང་།”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་པེ་ཅིན་གྱི་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པར་བརྟེན།ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཁྲག་གཙང་འགྱུར་ལྟེ་གནས་ན་ནིང་ཟླ9པར་དངོས་སུ་བཙུགས་པ་རེད།དེས་ཉེ་འཁོར་མང་ཚོགས་ལམ་ཐག་རིང་པོར་སོང་ནས་སྨན་བཅོས་བྱེད་དགོས་པའི་དཀའ་ངལ་བསལ་བར་མ་ཟད།ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཀྱང་ཆེས་ཆེར་མཐོ་རུ་ཕྱིན་པ་དང་ནད་པའི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད།
དྲོ་སྐྱིད་དེ་ནི་ཉི་འོད་འཇམ་པོ་ཞིག་དང་འདྲ་བར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་བརྒྱུད་རོགས་ཁྲིད་གསུམ་བྱེད་པའི་ཞིབ་ཕྲའི་གནས་སུ་བྱེད་ནུས་འདོན་བཞིན་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞུང་ལས་ཁང་དུ་དམིགས་བསལ་གྱི་གོས་དར་ཞིག་གིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཟིན་ཐོར་བཀོད་ཡོད་པ་སྟེ།2024ལོའི་ཟླ3པར་ཨའོ་མོན་གྱི་ཡུལ་སྐོར་པ་ལིན་ལགས་མཚོ་སྔོན་དུ་ཡོང་ནས་ཡུལ་སྐོར་བྱེད་སྐབས་གློ་བུར་དུ་ཆུ་ཚོད་གཅིག་རིང་དྲན་པ་མི་གསལ་བར་གྱུར་པས་མྱུར་དུ་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་མྱུར་གཤིས་ཀླད་ཁྲག་འགག་པར་ངོས་འཛིན་བྱས་པས་འཕྲལ་མར་ཁྲག་རྡོག་ལེན་པའི་གཤགས་བཅོས་བྱེད་དགོས་སོང་། “ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་ཚོགས་པའི་རྒྱང་བསྟེན་མཛུབ་ཁྲིད་ཡོད་མོད།འོན་ཀྱང་གཤགས་བཅོས་བྱེད་མཁན་ནི་ང་ཚོ་ཡིན་པས།དངོས་གནས་བློ་འཚབ་ཆེན་པོ་སྐྱེས། ” གཤགས་བཅོས་བྱེད་འགན་འཁུར་མཁན་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་སྨན་པ་རབ་འབྱམས་པ་མ་ཐེན་ཞང་གིས་ཉིན་དེར་མྱུར་སྐྱོབ་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་པ་ཐུར་དང་མཉམ་དུ་གཤགས་བཅོས་བྱས་པའི་གནས་ཚུལ་དྲན་སྐབས་སེམས་སུ་ཚོར་སྣང་སྣ་ཚོགས་སྐྱེས། ཁོ་གཉིས་ཀྱིས་མཉམ་དུ་ཁྲག་རྡོག་ལེན་པའི་གཤགས་བཅོས་ཆེན་པོ་དེ་བྱེད་ཐུབ་པ་བྱུང་བ་དེས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤུགས་རྐྱེན་ཟབ་མོ་དེ་མཚོན་ཡོད།“མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲེ་ཅང་གི་སྨན་བཅོས་ཚོགས་པས་བཙུགས་པའི་ལས་སྒྲུབ་ཁང་ལ་བརྟེན་ནས་ང་ཚོས་གཞི་ནས་མགོ་ནང་གི་འཕར་རྩའི་ཁྲག་རྡོག་ལེན་པ་དང་འཕར་རྩའི་སྐྲན་ནད་སོགས་རྙོག་འཛིང་ཆེ་བའི་གཤགས་བཅོས་མ་ལག་ལྡན་པའི་ངང་སྤེལ་ཐུབ་པ་བྱུང”ཞེས་མ་ཐེན་ཞང་གིས་བཤད།
“མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལག་རྩལ”ནས“མཚོ་སྔོན་གྱི་ནུས་པའི”བར། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་དང་།ནུས་ཁུངས་གཙང་མ།སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། སློབ་གསོ་དང་སྨན་བཅོས་དང་རྨང་གཞིའི་སྒྲིག་བཀོད་སོགས་དམངས་འཚོའི་ཁྱབ་ཁོངས་ལ་ལེགས་བཅོས་མངོན་གསལ་བྱུང་བ། ཆེད་ལས་ལག་རྩལ་འཇོན་མི་རྒྱུན་ཆད་མེད་པར་ཐོན་པ། རང་སྟེང་གི་སྨན་བཅོས་ནུས་པ་མུ་མཐུད་དུ་མཐོར་འདེགས་བྱུང་བ་བཅས་ཀྱིས།གཙང་བོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འགྱུར་ལྡོག་དེས་སྔོན་ཆད་ཐབས་ཆག་ཡིན་པའི་སྨན་བཅོས་ཁང་དེ་དེང་རབས་ཅན་གྱི་གཤགས་བཅོས་ཁང་དུ་བསྒྱུར་ཏེ།འབྲོག་པ་མང་ཚོགས་ཀྱིས“སྔོན་ཆད་ཟི་ལིང་དུ་ཕྱིན་ནས་གཤགས་བཅོས་བྱེད་དགོས་པ་དེ་ད་ལྟ་སྒོ་འགྲམ་དུ་བྱེད་ཐུབ”ཅེས་བརྗོད་པར་བྱེད།
འགྱུར་ལྡོག་དེའི་དབང་གིས་བོད་རིགས་སློབ་མ་མ་ཆེ་རིན་མཚོ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་མགོ་ལོག་སློབ་མ་ཨང་དང་པོར་གྱུར་ཏེ།མཚོ་བོད་མཐོ་སྒང་ནས་རོལ་དབྱངས་ཀྱི་ཕོ་བྲང་དུ་བསྐྱོད་པ་དང་། འབྲོག་ཁུལ་གྱི་སློབ་མས་རང་སེམས་ནས་སྨོན་པའི་སློབ་ཆེན་དུ་རྒྱུགས་འཕྲོད་ནས་ཕུགས་འདུན་འཚོལ་སྙེག་གི་ལམ་དུ་ཆས་ཤིང་། འགྱུར་ལྡོག་དེའི་དབང་གིས་ཁུལ་དང་རྫོང་གི་རོགས་སྐྱོར་ཐོབ་པའི་སྨན་ཁང20ཡི་ནད་པ་སྤོར་ཚད7.49%བར་དུ་ཆག་པས།“ནད་ཆུང་བ་རྫོང་ནས་སྨན་བཅོས་བྱེད་ཐུབ་པ་དང་།ནད་འབྲིང་ཁུལ་ནས་སྨན་བཅོས་བྱེད་ཐུབ་པ”མངོན་འགྱུར་བྱུང་ཡོད།
རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོ་དང་བསྟུན་ལ། རོགས་སྐྱོར་བྱེད་མཁན་གྱི་ནུས་པ་གང་ཡོད་འདོན་པ་རྒྱུན་འཁྱོངས་བྱས་ཏེ།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་དེ་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་འཕེལ་རྒྱས་དང་གོམ་པ་མཉམ་བགྲོད་བྱས་ཡོད། འཐབ་ལམ་གསར་པའི་ཐོག་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བཞིན་སྒྲུབ་ཀྱིན་ཡོད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཁག་གསར་པ་ཞིག་གིས་ཡང་བསྐྱར་ལས་དོན་དེའི་རྒྱུན་བསྐྱངས་ཡོད་པ་དང་། མཐོ་སྒང་མི་དམངས་ལ་བཅངས་པའི་ལྷད་མེད་བརྩེ་བ་བསྣམས་ཏེ། མཁའ་དབྱིངས་དང་ཆེས་ཉེ་བའི་ཡུལ་གྲུ་འདི་རུ། མཐོ་སྒང་ལ་ཕན་བདེ་སྩོལ་བའི་གྲུ་ཆར་འཇོ་བར་བྱས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལེའུ་གསར་པ་འབྲི་རྒྱུ་རེད། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།