
ཀན་ལྷོ་གཡང་འཁོར་འབྲི་འོ་དཀར་ལས་ཚད་ཡོད་ཀུང་ཟིས་མདོ་དབུས་མཐོ་སྒང་གི་འབྲི་མོའི་འོ་མའི་ཐོན་སྐྱེད་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད།
ཀན་ལྷོ་གཡང་འཁོར་འབྲི་འོ་དཀར་ལས་ཚད་ཡོད་ཀུང་ཟི་ནི་ཀན་ལྷོ་གཡང་འཁོར་ཕྱུགས་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་ཀུང་ཟི་ཞིག་ཡིན་ལ། དེ་ནི་ཀྲུང་གོའི་ནོར་གནག་གི་ཕ་ས་དང་ཡ་གླིང་གི་རྩྭ་ས་དང་པོ་རུ་འབོད་པའི་རྨ་ཆུ་རྫོང་དུ་ཡོད། འཛམ་གླིང་ལ་ཁ་ཕྱོགས་ཐུབ་པའི་འབྲི་འོ་ཡི་སྤུས་དག་ཐོན་རྫས་ཀྱི་མཁོ་འདོན་ཚོང་ར་ཞིག་གསར་འབྱེད་བྱེད་རྒྱུ་ནི་ཀུང་ཟི་དེའི་དམིགས་ཡུལ་ཉག་ཅིག་རེད། ཀུང་ཟིའི་སྤྱི་གཉེར་པ་པིན་ཧའེ་ཧྲིན་གྱིས་བཤད་རྒྱུར།

ངེད་ཀུང་སི་ནི་འབྲི་མོའི་འོ་མ་ཉོ་བསྡུ་དང་།ལས་སྣོན། ཞིབ་འཇུག་འདོན་སྤེལ། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་རྒྱུན་ཐག་ཁེ་ལས་ཤིག་ཡིན། བཟོ་གྲྭའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ5548ཡོད་ལ། རང་འགུལ་ཅན་དང་རིག་ནུས་ཅན་གྱི་ཐོན་སྐྱེད་རྣམ་པ་མངོན་འགྱུར་བྱུང་ཡོད། གཙོ་བོ་འོ་ཕྱེ་རིགས་སྣ་མང་པོ་ལས་སྣོན་བྱས་ཏེ། ཡུལ་དངོས་ཚོང་ཁང་དང་། དྲ་ལམ་ཐད་གཏོང་སོགས་བརྒྱུད་ནས་ས་ཆ་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད།
ཀུང་ཟི་དེར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བརྒྱད་འབུམ་དྲུག་བཏང་བ་དང་། མིག་སྔར་ཀུང་ཟི་དེ་ལ་འབྲི་འོ་ཐོན་རྫས་བཟོ་སྐྲུན་ལ་ཆེད་དུ་མཁོ་བའི་འཁོར་ཁང་དང་ཐོན་སྐྱེད་ཀྱི་ལས་རིམ་ཆ་ཚང་གྲུབ་ཡོད་ལ། ཀུང་ཟི་དེའི་ལོ་རེའི་ཐོན་ནུས་ཏུན་བདུན་སྟོང་ལ་སླེབས་ཡོད་ཅིང་། དེ་ནི་འབྲི་འོ་གསར་པ་ཉོ་བསྡུ་དང་ཐོན་རྫས་གསར་སྤེལ། ཐོན་སྐྱེད། ཐུམ་རྒྱག་པ། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཀུང་ཟི་ཞིག་རེད། ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་རྣམ་རྒྱལ་དབང་ཕྱུག་གིས་བཤད་རྒྱུར།

དོ་ཚིགས་ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་སོག་རྫོང་དང་།རྩེ་ཁོག་རྫོང་། སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་རྫོང་དང་། ཁྱུང་ཆུ་རྫོང་། དེ་མིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ནས་གཙོད་གྲོང་ཁྱེར་དང་། བསང་ཆུ་རྫོང་། ཅོ་ནེ་རྫོང་དང་། རྨ་ཆུ་རྫོང་གི་ཡུལ་ཚོ་སོ་སོ་ནས་འོ་མ་བསྡུ་བཞིན་ཡོད། རྨ་ཆུ་རྫོང་ལ་མཚོན་ན་འོ་མ་རྒྱ་མ་གཅིག་ལ་སྒོར་བཞི་དང་ཟུར་ལྔ་སྟེར་བཞིན་ཡོད་པས། ཐག་ཉེ་ས་ཁུལ་ནས་འོ་མའི་རིན་གོང་མཐོ་ཤོས་ཟིན་ཡོད།
ཀུང་ཟིས་འོ་མར་བསྲེས་ལྷད་མི་ཞུགས་པར་ཁག་ཐེག་བྱེད་པ་དང་། སྤུས་ཀ་དག་ཅིང་རང་བྱུང་གཙང་མ་ཡིན་པའི་ཁྱད་སྟོབས་ལ་བརྟེན་ནས། མདོ་དབུས་མཐོ་སྒང་གི་འབྲི་མོའི་འོ་མའི་ཐོན་ལས་གསར་འབྱེད་བྱས་ཏེ། མ་བཅོས་བཅུད་ལྡན་གྱི་ཐོན་ཁུངས་དེ་ཉིད་འཛམ་གླིང་མི་དམངས་ཀྱི་འཚོ་བཅུད་དུ་འགྱུར་བར་འབད་འབུངས་གང་ལེགས་བྱེད་ཀྱིན་ཡོད་ཅིང་། མིག་སྔའི་ཀུང་ཟིའི་ཐོན་རྫས་གཙོ་བོར་འབྲི་མོའི་འོ་མ་སྡེབ་སྦྱོར་བྱས་པ་ལས་བྱུང་བའི་འོ་ཕྱེ་དང་། དར་མ་དང་རྒན་རྒོན་ལ་དམིགས་ཏེ་བཟོས་པའི་འབྲི་མོའི་འོ་མ་རྒྱུ་ཆ་ཡིན་པའི་འོ་ཕྱེ། ནུ་མ་སྣུན་དགོས་པའི་བྱིས་པ་བཅས་ལ་དམིགས་ཏེ་བཟོས་པའི་འོ་ཕྱེ་གཙོས་ཐོན་རྫས་གང་མང་ཡོད། འོ་མ་མཁོ་འདོན་བྱེད་མཁན་ནོར་བུ་དོན་འགྲུབ་ཀྱིས་བཤད་རྒྱུར།

2024ལོར་གཡང་འཁོར་འོ་ལས་ཀུང་སིས་འོ་མ་བསྡུ་ལེན་བྱས་པ་རེད། ང་རང་ཉིད་སྡེ་དཔོན་ཞིག་ཡིན་པའི་ཆ་ནས། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁོ་ཚོར་འོ་མ་བཙོང་བ་ཡིན། འོ་མའི་རིན་གོང་ཐད་ནས་བཤད་ན། ཀུང་སིས་འོ་མ་རྒྱ་མ་གང་ལ་སྒོར་བཞི་སྟེར་གྱིན་ཡོད་ལ། རྫོང་རིམ་པས་ཁ་གསབ་སྒོར་ཟུར་བཞི་ཁ་སྣོན་བྱས་ནས་ཁྱོན་བསྡོམས་རྒྱ་མ་གང་ལ་སྒོར་བཞི་དང་ཟུར་ལྔ་སྟེར་བཞིན་ཡོད། ད་ལོར་ཡང་ང་ཚོས་མུ་མཐུད་དུ་འོ་མ་བཙོང་བཞིན་ཡོད་ལ། རྫོང་རིམ་པའི་རྒྱབ་སྐྱོར་ཀྱང་ཐོབ་ཡོད། འོ་མའི་རིན་གོང་ལའང་འགྱུར་ལྡོག་བྱུང་མེད་པར་བརྟན་འཇགས་སུ་གནས་ཡོད་པས། མང་ཚོགས་ལ་མཚོན་ནས་བཤད་ན་འོ་མ་བཙོང་ནས་ཡོང་སྒོ་མི་ཉུང་བ་རེག་ཐུབ།
ཀུང་ཟིས་སྤུས་ཚད་དང་ཞབས་ཞུ་བླ་ན་མེད་པའི་འདུ་ཤེས་བཅངས་ནས། ཀྲུང་གོའི་འབྲི་འོ་ནི་འཛམ་གླིང་གི་འོ་མ་མཆོག་གྱུར་ཞིག་ཏུ་འགྱུར་བར་རྩེ་གཅིག་ཏུ་གཞོལ་ཏེ། གཟན་རྩྭར་མ་བརྟེན་པར་རང་བྱུང་གི་རྩྭ་ཆུ་ལོངས་སུ་སྤྱད་པ་ལས་བྱུང་བའི་འབྲི་མོའི་འོ་མའི་ལྷད་མེད་ཀྱི་ཆ་དང་། མཐོ་སྒང་གི་དམིགས་བསལ་ས་བབ་ཀྱིས་ཐག་བཅད་ཡོད་པའི་འབྲི་འོ་ཡི་འཚོ་བཅུད་ཀུན་འདུས་ཀྱི་ཆ་བཅས་གཞི་རྐང་དུ་བཟུང་སྟེ། འབྲོག་ཕྱོགས་ལ་མཚོན་ནས་བཤད་ན། འོ་མའི་ཐོན་ཁུངས་འཛོམས་ཀྱང་ཚོང་ལམ་མེད་པའི་སྟོང་ཆ་བསྐངས་ནས། ཕྱུགས་ལས་གཉེར་མཁན་གྱི་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཐད་གྲོགས་དན་དང་ཕྱུགས་ལས་གཉེར་འདོད་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱས་ཏེ། མདོ་དབུས་མཐོ་སྒང་གི་འབྲི་མོའི་འོ་མའི་ཐོན་སྐྱེད་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་དཔེ་སྟོན་གྱི་ནུས་པ་ཆེན་པོ་ཐོན་ཡོད།
གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།
སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།