དཔའ་རིས་རྫོང་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

དཔའ་རིས་རྫོང་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན།

ཟླ7པའི་ཚེས23ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི“མཐུན་སྒྲིལ་མེ་ཏོག་གངས་རིའི་ལྗོངས་ལ་བཞད”ཅེས་པའི་བཅར་འདྲིའི་ཚན་ཆུང་གིས་དཔའ་རིས་བོད་རང་སྐྱོང་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། དཔའ་རིས་བོད་རང་སྐྱོང་རྫོང་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “རིག་གནས་ཡུལ་སྐོར་གྱི་རྫོང་གྲགས་ཅན”བསྐྲུན་པའི་དམིགས་འབེན་རིས་སུ་མ་བོར་བའི་སྒོ་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་མདོ་དབུས་མཐོ་སྒང་གི་སྐར་ཁུང་དུ་འབོད་པའི་གནས་མཆོག་འདིར་བསུས་ཏེ།  ཡུལ་སྐོར་དང་རིག་གནས་ཐོན་ལས་ལ་བརྟེན་ནས་རྫོང་ཁོངས་ཧྲིལ་བོའི་དཔལ་འབྱོར་འཕར་སྣོན་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད་ཅིང་། ལས་རིམ་དེའི་ཁྲོད་དཔའ་རིས་རྫོང་མི་རིགས་གླུ་གར་ཚོགས་པས་འབྲེལ་ཟམ་ལྟ་བུའི་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་ཡོད། གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་རྟ་ལོས་བཤད་རྒྱུར།

དཔའ་རིས་བོད་རང་སྐྱོང་རྫོང་ལ་མཚོན་ན་ས་གནས་ཀྱི་རིག་གནས་མང་པོ་ཞིག་འདུག དེ་བས་ས་གནས་ཀྱི་དམངས་སྲོལ་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། ད་དུང་དཔའ་རིས་ས་ཆའི་གླུ་དང་གར། རྩེད་རིགས། གཟུགས་འདས་ཤུལ་བཞག་རིག་གནས་སྐོར་སོགས་མང་པོ་ཞིག་ལ་ས་ཆ་གཞན་དང་མི་མཚུངས་ཞིང་ལོ་རྒྱུས་ཀྱི་རྒྱུན་བ་མ་ཟད། ས་གནས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད། ང་ཚོའི་དཔའ་རིས་མི་རིགས་གླུ་གར་ཚོགས་པར་མཚོན་ན། ལོ་འདི་འགའི་རིང་དཔའ་རིས་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག དཔའ་རིས་ཡུལ་གྱི་རིག་གནས་གཙོ་བྱས་གླུ་དང་གར། རྩེད་རིགས། དམངས་སྲོལ་རིག་གནས། གཟུགས་འདས་ཤུལ་བཞག་རིག་གནས་སོགས་གླུ་དང་ཞབས་བྲོའི་རྣམ་པར་བསྒྱུར་ཏེ། ཞིང་ཆེན་གཞན་དང་། རྒྱལ་ནང་གི་ས་ཁུལ་དུ་སོང་ནས་དཔའ་རིས་ས་ཆའི་ཁྱད་ལྡན་རིག་གནས་དྲིལ་སྒྲོག་བྱེད་པར་ཤུགས་ཆེན་པོ་འདོན་བཞིན་ཡོད།

རྫོང་མི་རིགས་གླུ་གར་ཚོགས་པས་སྟོབས་ཤུགས་ཡོད་ཚད་བསྡུ་ལེན་བྱས་ཏེ། ཉམས་མྱོང་སྤྱི་སྡོམ་དང་འདུ་ཤེས་གསར་བརྗེས། ལེ་ཚན་གསར་སྒྱུར། མང་ཚོགས་ཀྱིས་ཉན་སྤྲོ་ཞིང་མཐོང་འདོད་ཆེ་བའི་བརྩམས་ཆོས་ཕུལ་བྱུང་གསར་རྩོམ་དང་སྒྲིག་རྩོམ་བྱས་ནས། ཡུལ་སྐོར་བ་མང་པོར་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྩོལ་བཞིན་ཡོད། གླུ་གར་ཚོགས་པའི་རྩེད་རིགས་རྡུང་ལེན་འཁྲབ་སྟོན་པ་སྒྲོལ་མ་མཚོ་ཡིས་བཤད་རྒྱུར།

ངའི་མིང་ལ་སྒྲོལ་མ་མཚོ་ཟེར། ངའི་ཕ་ཡུལ་ཅེ་ནེ་ཡིན། ང་དཔའ་རིས་མི་རིགས་གླུ་གར་ཚོགས་པའི་ནང་ཞུགས་ནས་ལོ་ངོ་བཅོ་ལྔ་ལྷག་འགོར་ཟིན། ང་འདིའི་ནང་གི་གླུ་བ་ཡིན་ལ། རྡུང་ལེན་དང་རྩེད་རིགས་སོགས་ལེན་བྱ་གཙོ་བོ་ཡིན། ངས་དཔའ་རིས་ས་ཆའི་དམངས་གླུ་མང་པོ་ཞིག་རྒྱུས་ལོན་བྱས་ཏེ། དབྱངས་རྟ་དང་འགུག་སྲོལ་སོགས་ཀྱི་ཆ་ནས་ང་ཚོའི་ས་ཆ་དང་མི་འདྲ་ས་མང་པོ་ཞིག་འདུག  བརྒྱུད་རིམ་འདིའི་ཁྲོད་དུ་མ་ཉམས་གོང་འཕེལ་དང་དེང་རབས་ཀྱི་ཤན་ཞུགས་པའི་འགྱུར་ལྡོག་ཀྱང་གཏོང་བཞིན་ཡོད་ལ། འདི་དག་ཐམས་ཅད་ལས་དྲིལ་སྒྲོག་གི་ནུས་པ་ཐོན་པར་འབད་བརྩོན་བྱེད་བཞིན་ཡོད།

ཡུལ་སྐོར་རིག་གནས་ཀྱི་ཚ་རླབས་འཕྱུར་བཞིན་པའི་ལོ་ངོ་འདི་དག་གི་རིང་ལ། རིག་གནས་དང་ཡུལ་སྐོར་གྱི་མཐོང་ལམ་ནས་ས་ཆ་གཞན་པར་དཔའ་རིས་རྫོང་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་དེ་བསྟུན་གྱི་ནུས་པ་གང་འཚམ་ཐོན་ཡོད་པའི་དབང་གིས། ཡུལ་སྐོར་བ་སྣེ་ལེན་བྱས་ཏེ་ས་གནས་མང་ཚོགས་ཀྱི་ཡོང་སྒོ་མངོན་སུམ་འཕར་སྣོན་བྱུང་ཡོད། ཕུང་ནག་རིལ་སྡེ་བའི་སྡེ་མི་ཚེ་དཔལ་སྲུང་གིས་བཤད་རྒྱུར།

ང་ཕུང་ནག་རིལ་སྡེ་བའི་ཡིན། ཁོམ་ལོང་བར་ནས་ཡུལ་སྐོར་བ་མང་སའི་གནས་འདིར་ཡོང་ནས་ཡོང་སྒོ་རེ་བཙལ་བ་ཡིན། ན་ནིང་ཡུལ་སྐོར་བ་མང་བས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བཞི་ཙམ་ལོན་པ་དང་། ད་ལོར་མཚོན་ན་ཕྱུགས་འཚོ་དགོས་པས་ཁོམ་ལོང་མང་པོ་མེད་མོད། མཚམས་མཚམས་སུ་འདིར་ཡོང་ནས་ཡོང་སྒོ་རེ་བཙལ་ན་སྒོར་ཁྲི་གཉིས་ཙམ་བཙལ་ཐུབ་སྙམ།

འཐབ་ལམ་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། དཔའ་རིས་རྫོང་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ས་གནས་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཕུན་སུམ་ཚོགས་པའི་བརྗོད་དོན་མང་པོ་སྔོག་འདོན་བྱས་ནས། རིག་གནས་ཡུལ་སྐོར་གྱི་ཐབས་ལམ་སྣ་མང་ལ་བརྟེན་ནས་ས་གནས་རིག་གནས་དྲིལ་སྒྲོག་རྒྱུན་འཛིན་བྱེད་པ་དང་། མི་རིགས་ཕན་ཚུན་བར་གྱི་འགྲོ་འོང་བརྗེ་རེས་ཀྱི་ཚད་སྔར་ལས་ཇེ་དམ་དུ་གཏོང་བ། ཡུལ་སྐོར་བ་མང་པོའི་མིག་དབང་དཔའ་རིས་ཕྱོགས་སུ་འཁོར་བ་བཅས་ཀྱི་ཐད་ཤུགས་འདོན་བཞིན་ཡོད།


གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།

རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།

སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།