མཚོ་ཉིན་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་ཁོར་སྲུང་ལ་གྲུབ་འབྲས་ཐོབ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

ཀླུ་ཆུ་རྫོང་མཚོ་ཉིན་སྲུང་སྐྱོབ་ས་ཚིགས་ཀྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པར་རྩེ་གཅིག་ཏུ་གཞོལ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་གྱི་མཚོ་ཉིན་སྲུང་སྐྱོབ་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེ་ཤོས་ཏེ་ཀླུ་ཆུ་སྔོན་མོའི་འབྱུང་ཁུངས་དང་མདོ་དབུས་མཐོ་སྒང་ཤར་སྣེའི་ས་མཐོའི་བརླན་ས་གཙོ་བོ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་འདོན་ཁུལ་གལ་ཆེན་གྱི་གྲས་ཤིག་ཡིན་པར་བརྟེན། “རྨ་ཆུའི་ཆུ་མཛོད”ཅེས་པའི་ཆོ་ལོ་བསྩལ་ཡོད། སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ཧུང་ཆང་ཆང་གིས་བཤད་རྒྱུར།

མཚོ་ཉིན་སྲུང་སྐྱོབ་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེ་ཤོས་ཤིག་ཡིན་པ་མ་ཟད།རྐྱང་ཐང་མཚོ་མོའི་གྲུབ་ཆ་གལ་ཆེན་ཞིག་རེད།  སྔོན་ཆད་ཕྱུགས་ཟོག་གསོ་སྐྱོང་ཚད་ལས་བརྒལ་ནས་ས་བཅུད་ཤོར་ཏེ་མཚོ་མོ་སྐམ་པའི་ཉེན་ཁར་འཕྲད། ཡིན་ཡང་དུས་ལྟར་སྲུང་སྐྱོབ་བྱས་རྐྱེན་ད་ལྟ་མཚོ་ངོས་རྒྱ་ཁྱོན་སྤྱི་ཆིང་ཉིས་སྟོང་བདུན་བརྒྱ་ལྷག་ལ་སླེབས་ཡོད་པའི་མི་ཚད། ཆུ་ཁོངས་སྲུང་སྐྱོབ་ཀྱི་ནུས་པ་བླ་ལྷག་ཐོན་ནས་བརླན་ས་སླར་གསོ་བྱུང་ཞིང་། ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། སྐྱེ་དངོས་སྣ་མང་རང་བཞིན་ཇེ་མང་དུ་སོང་བ་དང་བྱ་རིགས་འདབ་ཆགས་ཀྱང་སྔར་ལས་ཇེ་མང་དུ་གྱུར་ཡོད།

སྲུང་སྐྱོང་ས་ཚིགས་བཙུགས་པ་ནས་བཟུང་། བརླན་སའི་ཐོན་ཁུངས་སྲུང་སྐྱོབ་ལས་དོན་དང་ཉམས་ཞན་དུ་འགྱུར་བཞིན་པའི་རྩྭ་ས་སླར་གསོའི་ལས་དོན། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་བཅས་མུ་མཐུད་དུ་ཟབ་སྤེལ་བྱས་ནས། སྲུང་སྐྱོབ་ས་ཁུལ་གྱི་བརླན་ས་དང་ནགས་ཚལ། རྩྭ་ཐང་བཅས་ཀྱི་ཐོན་ཁུངས་སླར་གསོ་ཐུབ་པ་ནས་སྤུས་ཚད་མཐོ་རུ་གཏོང་བར་སྔར་ལས་ཤུགས་བསྣན་མཐར། སྐྱེ་ཁམས་གནས་སྟངས་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། མཚོ་ཉིན་གྲོང་རྡལ་ཞོལ་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚུལ་ཁྲིམས་རྒྱ་མཚོས་བཤད་རྒྱུར།

མཚོ་ཉིན་རྩྭ་ཐང་སྟེང་གི་རྐྱང་ཐང་མཚོ་མོར་མཚོན་ན། སྔོན་ཆད་མི་འདྲ་བར་ད་ལྟ་མཚོ་མོ་རྒྱས་ཤིང་། མཐའ་འཁོར་གྱི་རྩྭ་རྩི་ཤིང་མེ་ཏོག་སྐར་ཚོགས་བཞིན་རྒྱས་ཡོད་པ་འདི་ཡང་། མཐར་མཐུག་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པར་རེག་ལས་པ་ཞིག་ཡིན་ལ། མི་རྣམས་ཀྱིས་ཀྱང་རང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཤིག་ཆགས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་རིམ་པ་མ་ཟད། ཐ་ན་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་འོས་པའི་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དྲིལ་སྒྲོག་བཟང་པོ་བྱེད་དགོས་འདོད།

སྲུང་སྐྱོབ་ས་ཚིགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བར་ཤུགས་སྣོན་ཆེད། དེ་བསྟུན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། སྲུང་སྐྱོབ་ས་ཚིགས་ཀྱི་ཁོར་ཡུག་གཙང་སྤྲའི་དོ་དམ་པ་འབྲུག་བྱམས་ཚེ་རིང་གིས་བཤད་རྒྱུར།

ང་ནི་རྐྱང་ཐང་མཚོ་ཁའི་ཁོར་ཡུག་གཙང་སྦྲའི་དོ་དམ་པ་ཞིག་ཡིན། ང་ཚོའི་གཙང་སྦྲའི་ཁྱབ་ཁོངས་སུ་གཙང་སྦྲ་བྱེད་མཁན་མི་སོ་གཅིག་ཙམ་ཡོད་ལ། དེའི་ཁྲོད་ནས་གཙང་སྦྲ་བྱེད་མཁན་མི་བཞི་ལྔ་ཞིག་གིས་ཉིན་རེར་ལས་བགོས་ཀྱིས་སྐོར་ཐེངས་གཉིས་ལ་མཚོ་ཁ་ནས་གཙང་སྦྲ་བྱེད་བཞིན་ཡོད། དེ་མིན། མཐའ་འཁོར་གྱི་རི་སྐྱེས་སྲོག་ཆགས་ལ་གནོད་སྐྱོན་ཕོག་པ་མཐོང་ཚེ། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་སྨན་བཅོས་བྱེད་དུ་འཇོག་པའི་ལས་ཀའང་བསྒྲུབ་བཞིན་ཡོད།

མ་འོངས་པར་སྲུང་སྐྱོབ་ས་ཚིགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱ་ལྟར་དུ། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཏན་ཏིག་ངང་སྤེལ་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པར་རྩེ་གཅིག་ཏུ་གཞོལ་རྒྱུ་རེད།


གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།

རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།

སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།