དཔའ་རིས་རྫོང་བོད་ལུགས་སྨན་ཁང་གིས་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

དཔའ་རིས་རྫོང་བོད་ལུགས་སྨན་ཁང་གིས་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས།

དཔའ་རིས་རྫོང་བོད་ལུགས་སྨན་ཁང་ནི1978ལོར་བཙུགས་པ་དང་། དེ་ནི་བོད་ལུགས་སྨན་བཅོས་གཞི་རྟེན་དང་ཀྲུང་ལུགས་དང་ནུབ་ལུགས་སྨན་བཅོས་ཀྱིས་ཟུར་བརྒྱན་པའི་སྨན་ཁང་ཞིག་ཡིན། སྨན་ཁང་འདིས་དཔའ་རིས་རྫོང་ས་གནས་ཀྱི་ནད་རིགས་སྔོན་འགོག་དང་མ་བུ་བདེ་སྲུང་། སྨན་བཅོས་སྐྱོབ་བཅོས། ཚན་རིག་ཞིབ་འཇུགགསོ་རིག་སློབ་ཁྲིད་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དཔའ་རིས་བོད་རང་སྐྱོང་རྫོང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་ཀྲང་ཁྲང་ལུའུ་ཡིས་བཤད་རྒྱུར།

ངེད་སྨན་ཁང་ལ་མཚོན་ན་དྲག་གྲུམ་ཚན་ཁག་དང་ཕྱི་བཅོས་ཚན་ཁག་གཉིས་ཀན་སུའུ་ཞིང་ཆེན་ཀྲུང་བོད་ལུགས་སྨན་བཅོས་ཀྱི་ཁྱད་ཆོས་ལྡན་པའི་ཚན་ཁག་གཉིས་ཡིན། རང་གི་ཁྱད་ཆོས་གཞིར་འཛིན་པ་དང་རྒྱལ་ཡོངས་སུ་ཁ་ཕྱོགས་པ།སྨན་བཅོས་ཆུ་ཚད་ཀྱི་ཟོང་རྟགས་སྐྲུན་པ་སོགས་ལ་ཤུགས་བསྣན་ནས།བོད་ལུགས་སྨན་བཅོས་རྨང་གཞི་དང་ཀྲུང་བོད་ནུབ་ལུགས་མཉམ་བཅོས་ཡན་ལག་བྱས་ཏེ་ནད་རིགས་མང་པའི་སྨན་བཅོས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ལྷག་པར་དུ་བོད་སྨན་སྨན་ལུམས་བཅོས་ཐབས་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་གཞུང་དུ་བདམས་ཡོད་པ་མ་ཟད།དཔའ་རིས་བོད་ལུགས་སྨན་བཅོས་ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་གཞུང་དུ་བདམས་ཐོན་བྱུང་ཡོད་པས། དཔའ་རིས་བོད་ལུགས་སྨན་བཅོས་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་གི

ཉེ་བའི་ལོ་འདི་དག་གི་རིང་ལ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་བརྟན་པོའི་འོག་ཏུ། སྨན་ཁང་འདིས་ནད་པ་རྨང་གཞིར་འཛིན་པ་དང་སྤུས་ཚད་གཙོར་འཛིན་པའི་སྨན་ཁང་གཉེར་སྐྱོང་གི་འདུ་ཤེས་ཟབ་མོ་བཟུང་ནས། འཇོན་མིར་བརྟེན་ནས་སྨན་ཁང་གཉེར་བ་དང་ཚན་རྩལ་ལ་བརྟེན་ནས་སྨན་ཁང་འཕེལ་རྒྱས་སུ་གཏོང་བ། ཆེད་ལས་ཚན་ཁག་ལ་བརྟེན་ནས་སྨན་ཁང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་སྨན་ཁང་གཉེར་ཕྱོགས་རྒྱུན་འཛིན་བྱེད་མུས་ཡོད། སྨན་ལུམས་ཚན་ཁག་གི་སྨན་པ་རིག་བཟང་གིས་བཤད་རྒྱུར།

ང་ཚོའི་སྨན་ལུམས་ཚན་ཁག་ནི་ཀན་སུའུ་ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་གཙོ་གནད་ཚན་ཁག་ཏུ་བདམས་ཡོད། ད་ལྟ་ང་ཚོའི་ཚན་ཁག་འདིར་ལས་བྱེད་མི་སྣ24དང་། འབུམ་རམས་པ་གཞོན་པ་གསུམ། རབ་འབྱམས་སྨན་པ་བཞི། རྫོང་རིམ་པའི་ཆེད་མཁས་སྨན་པ་གཅིག་བཅས་ཡོད། ད་ལྟ་ང་ཚོའི་ཚན་ཁག་འདིར་མལ་ཁྲི103ཡོད་ཅིང་། གསོ་བཅོས་ཐད་ནས་བདུད་རྩི་ལྔ་ལུམས་གཙོ་བྱས་དབྱུག་བཅོས་དང་། ཧོར་མེ། མེ་བཙའ་སོགས་གསོ་བཅོས་བྱ་ཐབས་གང་ལ་གང་འཚམ་ལྟར་སྤྱོད་བཞིན་པ་མ་ཟད། འབྲུམ་འབུ་དང་། པགས་ནད་སོགས་ཀྱི་ཐད་ནས་གྲུབ་འབྲས་ཐོབ་ཡོད་ཅིང་། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

2014ལོར་སྨན་ཁང་འདི་རིམ་པ་གཉིས་པའི་སྨན་ཁང་ཀ་པར་བདམས་པ་དང་།  2015ལོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡིས་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བའི་དུས་རིམ་དང་པོའི་སྨན་ཁང500ཡི་གྲས་སུ་བདམས་ཡོད་ལ། 2017ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྨན་བཅོས་ལས་དོན་གྱི་གྲུབ་འབྲས་གཟེངས་ཐོན་ཐུན་མོང་གི་མཚན་སྙན་བསྩལ་ཡོད། ནད་པ་མུའུ་ཀའེ་ཞ་ཡིས་བཤད་རྒྱུར།

ང་ཀན་ལྷོ་ཁུལ་བ་ཙེ་རྫོང་གི་ཡིན། བྱིས་པ་བཙས་རྗེས་ཟླ་ནང་ནས་ཟླ་འཁྱགས་ཏུ་སོང་བའི་རྐྱེན། དབྱར་ཁར་ཡང་གོན་པ་མཐུག་པོ་གྱོན་དགོས། སྨན་ཁང་འདིར་ཡོང་ནས་གསོ་བཅོས་བྱས་རྗེས། ད་ལྟ་གོན་པ་སྲབ་མོ་གོན་ཐུབ། སྨན་ཁང་འདིའི་ཁོར་ཡུག་བཟང་བའི་མི་ཚད་སྨན་བཅོས་མི་སྣའི་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག

དཔའ་རིས་རྫོང་བོད་ལུགས་སྨན་ཁང་གིས་བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་ཕྱོགས་བསྡུས་སྐྱོབ་བཅོས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་གཞི་འཛིན་སར་བརྩིས་ནས།  རུས་ཚིགས་ན་བ་དང་སྐེད་སྐབས་ན་བ།ཕོ་བ་ན་བ་སོགས་དལ་བའི་རང་བཞིན་གྱི་ནད་རིགས་སྨན་བཅོས་བྱེད་པར་དམིགས་ཏེ། གསེར་ཁབ་གསོ་བཅོས་ཁང་དང་བདུད་རྩི་ལྔའི་བཅིངས་ལུམས་ཁང་སོགས་ཆེད་དུ་བཙུགས་ནས། སྨན་ཁང་ལ་ཆེད་ལས་ཚན་ཁག་ཡོད་པ་དང་ཆེད་ལས་ཚན་ཁག་ལ་དེ་བསྟུན་གྱི་ནད་པ་ཡོད་པ། ནད་པར་ཆེད་སྤྱོད་སྨན་སྣ་ཡོད་པ། སུ་འཇོན་དེ་འགུགས་བཅས་ཀྱི་འཐབ་ཇུས་དམིགས་འབེན་རིམ་བཞིན་གྲུབ་པར་འབད་དེ། དུས་བསྟུན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད། རྒྱུན་འཛིན་འཕེལ་རྒྱས་བཅས་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་རྫོང་རིམ་པའི་མི་རིགས་སྨན་ཁང་རྩེ་གྲ་བསྐྲུན་གང་ཐུབ་བྱེད་ཀྱིན་ཡོད།


གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།

རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།

སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།