
2025ལོའི་ཀྲུང་གོའི་གནས་མཆོག་བླ་བྲང་གི་བོད་པའི་ཤོམ་གྱི་འགྲན་སྡུར་སྐབས་བདུན་པ་དང་རྒན་གྱའི་ཡུལ་སྐོར་སྒོ་འབྱེད་དུས་སྟོན་ཟླ7པའི་ཚེས25ཉིན་གྱི་དགོང་མོར་རྒན་གྱའི་བྲག་དཀར་འདབས་རོལ་ནས་སྤེལ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས་ཀྱི་ཚད་སྔར་ལས་ཇེ་དམ་དུ་གཏོང་བ། མི་རིགས་སོ་སོའི་མཉམ་འདྲེས་མཉམ་འབྲེལ་ལ་སྐུལ་འདེད་གཏོང་ཆེད། 2025ལོའི་ཀྲུང་གོའི་གནས་མཆོག་བླ་བྲང་གི་བོད་པའི་ཤོམ་འགྲན་སྐབས་བདུན་པ་དང་རྒན་གྱའི་ཡུལ་སྐོར་སྒོ་འབྱེད་དུས་སྟོན་ཟླ7པའི་ཚེས25ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱའི་བྲག་དཀར་འདབས་རོལ་ནས་སྤེལ། བོད་པའི་ཤོམ་གྱི་གསར་འབྱེད་པ་རྡོ་རྗེ་སྒྲོལ་མས་བཤད་རྒྱུར།

བོད་ཀྱི་རྒྱན་གོས་རིག་གནས་དང་འབྲེལ་བ་ཡོད་པ། ལས་གཞི་དང་འབྲེལ་བ་ཡོད་པ། ལས་ཀ་དང་འབྲེལ་བ་ཡོད་པའི་བོད་པའི་ཤོམ་ཞེས་པའི་གར་སྟེགས་འདི་འདྲ་ཞིག་བསྒྲུབས་ནས་ལོ་བཅུ་འགོར་ཟིན། ལོ་བཅུའི་རིང་རྒྱལ་ནང་གི་པེ་ཅིང་དང་ཧྲིན་ཀྲིན། ཁྲིན་ཏུའུ། བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོར་སོང་ནས་བྱ་འགུལ་སྤེལ་བ་དང་རྒྱན་གོས་དང་འབྲེལ་ཡོད་ཀྱི་བརྟག་ཞིབ་སོགས་ཀྱི་ལས་ཀ་མང་པོ་སྒྲུབ་ཡོད། ཉེ་བའི་ལོ་གསུམ་གྱི་རིང་སྲིད་གཞུང་དང་མཉམ་འབྲེལ་སྒོས་བོད་ཀྱི་ཤོམ་འགྲན་དེ་བླ་བྲང་ནས་འཚོགས་པ་ཡིན། དེ་དང་འབྲེལ་ཏེ་ཐེངས་འདིར་བོད་ཀྱི་ཤོམ་རང་ཉིད་ཀྱི་ཕ་ཡུལ་ནས་སྤེལ་བའི་གོ་སྐབས་ལྡན་བྱུང་བས་དེ་རིང་ཨ་མྱེས་བྲག་དཀར་རྒྱབ་རི་བྱས་ཏེ་བོད་ཀྱི་ཤོམ་པའི་འགྲན་སྡུར་སྤེལ་རྒྱུ་ཡིན།
ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་གྱི་སྨན་ཤར་བུ་མོའི་བཞིན་གྱི་ཉམས་དང་དང་འཕྱོར་བའི་རྒྱན་གྱིས་ཡུལ་འདིའི་མ་བཅོས་རང་བྱུང་ཁམས་ཆེན་མོར་ཉམས་སྣང་གསར་པ་ཞིག་བྱིན་པ་དང་། སྟག་ཤར་གཞོན་ནུའི་བརྗིད་པའི་གོམ་འགྲོས་དང་དྲག་ཤུལ་དང་ལྡན་པའི་འགྱིང་བག་གིས་ཡུལ་དངོས་ཀྱི་ལྟད་མོ་བ་ཚང་མར་རྒྱན་གོས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་པར་མ་ཟད། ད་དུང་གླུ་བ་གླུ་མའི་སྐད་ངག་དང་ཞབས་བྲོའི་སྟངས་སྟབས་ཀྱིས་མཚན་མོའི་རྒན་གྱའི་རྩྭ་ཐང་ལ་སྒྲ་དང་དབྱངས། གར་བཅས་ཀྱི་མཐོང་སྣང་གསར་པ་ཞིག་ངང་གིས་བསྩལ། རྔ་བ་ས་ཁུལ་ནས་ཐོན་པའི་ཤོམ་པ་འགྲན་ཞུགས་པ་རིན་ཆེན་ཚེ་རིང་གིས་བཤད་རྒྱུར།

ང་ཚོས་གར་སྟེགས་འདི་བརྒྱུད་དེ། བླ་བྲང་དང་། རྒན་རྒྱའི་བྲག་དཀར་ཕྱོགས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་དང་གནས་འདིའི་རིག་གནས་ལ་རྒྱུས་ལོན་རག་ཙམ་བྱེད་ཐུབ་སོང་། དེ་ལས་དམིགས་བསལ་དུ་གྱུར་པ་ཞིག་ནི་ཐེངས་འདིའི་གར་སྟེགས་འདི་བརྒྱུད་ནས། བོད་ཀྱི་རིག་གནས་དང་། ཤོམ་འགྲོའི་རིག་གནས་ལ་སྔར་ལས་ལྷག་པའི་ལྟ་བ་གསར་བ་ཞིག་རྙེད་བྱུང་། འདི་ལྟ་བུའི་གར་སྟེགས་མང་པོ་ཞིག་གི་གོ་རིམ་ཁྲོད་ནས་ཤོམ་འགྲོའི་རིག་གནས་མ་ཉམས་གོང་འཕེལ་དང་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་པར་མ་ཟད། ན་གཞོན་མང་པོ་ཞིག་གིས་གར་སྟེགས་འདི་ལ་བརྟེན་ནས་རང་ཉིད་ཀྱི་ནུས་པ་སྐྱེད་སྲིང་དང་རང་ཉིད་སྦྱོང་བརྡར་གྱི་གོ་སྐབས་བླ་ལྷག་ཅིག་རེག་ཐུབ།
རྒྱན་གོས་ནི་འགྲོ་བ་མིའི་རིགས་ལ་མཚོན་ནས་བཤད་ན་ཆེས་མེད་དུ་མི་རུང་བའི་འཚོ་བ་ཡི་ཉེར་མཁོ་གལ་ཆེན་ཞིག་ཡིན་པར་བརྟེན། ལྟོ་གོས་གཏམ་གསུམ་དང་འགྲོ་འདུག་སྤྱོད་གསུམ་ཞེས་དུས་རྒྱུན་ཁ་ལ་ཐོགས་ཐོགས་ཏུ་ཡོད་པའི་ཉིས་དགོས་ཀྱང་དེ་ཡིན་ལ། དེའི་ཁྲོད་མིའི་རིགས་ལ་དམིགས་བསལ་དུ་ཡོད་པའི་ཐོན་སྐྱེད་ཀྱི་ཉམས་མྱོང་དང་བློ་གྲོས་ཀྱི་ཉིང་བཅུད་འདུས་ཡོད་ཅིང་། གཟུགས་ལྡན་རྒྱན་གོས་ཀྱི་ཁྲོད་ན་གཟུགས་མེད་ཀྱི་བསམ་པའི་སྟོབས་ཤུགས་དང་མཛེས་འཛིན་གྱི་རིན་ཐང་ཆེན་པོ་ཞིག་ངང་གིས་སྦས་ཡོད།
ཐེངས་འདིའི་འགྲན་སྡུར་སྤེལ་བ་བརྒྱུད། བོད་ཀྱི་ཤོམ་པའི་རིག་གནས་དང་རྒྱན་གོས་རིག་གནས་རྒྱལ་ནང་གཙོས་འཛམ་གླིང་ལ་ཁ་ཕྱོགས་པར་ནུས་པ་ཆེན་པོ་ཐོན་ཡོད་པ་ལས་གཞན། གནས་མཆོག་བླ་བྲང་གི་གྲགས་སྙན་དཀར་པོ་འཛམ་གླིང་འཛིན་མའི་ཁྱོན་ལ་ལྡིར་བའི་ཐད་ལའང་དེ་བསྟུན་གྱི་ནུས་པ་ངེས་ཅན་ཐོན་ཡོད་པ་གདོན་མི་ཟའོ། །
གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།
སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།