བསང་ཆུ་རྫོང་བོད་གདན་ཀུང་ཟིས་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

བསང་ཆུ་རྫོང་གངས་ལྗོངས་བོད་གདན་ཀུང་ཟིས་ས་གནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐད་ནུས་པ་ཆེན་པོ་ཐོན།

བསང་ཆུ་རྫོང་གངས་ལྗོངས་བོད་གདན་འཁེལ་འཐག་ཚད་ཡོད་འགན་འཁྲི་ཀུང་ཟི་ནི2019ལོའི་ཟླ10པའི་ཚེས18ཉིན་དངོས་སུ་བཙུགས་པ་དང་། དེ་ནི་མ་བཅོས་རྒྱུ་ཆ་མཁོ་འདོན་དང་ཐོན་སྐྱེད་ལས་སྣོན། ཁྲོམ་ར་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་བོད་གདན་ཆེད་ལས་ཐོན་སྐྱེད་ཀུང་ཟི་ཞིག་ཡིན། ཀུང་ཟིའི་སྤྱི་གཉེར་བ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།

ངེད་ཀུང་སིའི་ས་གདན་འཚོང་ཕྱོགས་ནས་བཤད་ན།ཀན་ལྷོ་ས་ཁུལ་ལས་གཞན། མཚོ་སྔོན་དང་། ལྷ་ས། སི་ཁྲོན། རྒྱལ་ནང་གི་གྲོང་ཁྱེར་ཁ་ཤས། ཕྱིའི་རྒྱལ་ཁབ་ཁ་ཤས་སོགས་ས་གནས་མང་པོར་ཕྱིར་འཚོང་བྱེད་བཞིན་ཡོད་པས། ཕྱོགས་ཀུན་གྱི་སྐུ་མགྲོན་ཚང་མས་དགའ་བསུ་ཐོབ་ཡོད།

ཀུང་ཟི་འདིས་རང་ས་གནས་ཀྱི་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། ད་ཆ། དཔལ་འབྱོར་དང་རིག་གནས་གོང་འཕེལ་གཏོང་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཀུང་ཟི་འདིའི་བོད་ལུགས་ས་གདན་ལ་སྤུས་ཀ་ལེགས་ཤིང་བཟོ་རྩལ་ཁྱད་དུ་འཕགས་པ། བཟོ་བཀོད་མིག་ལ་མཛེས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་ཚོས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། ཀུང་ཟིའི་ལས་བཟོ་པ་འབྲུག་མོ་སྐྱིད་ཀྱིས་བཤད་རྒྱུར།

ང་ས་གདན་བཟོ་གྲྭའི་ལས་བཟོ་བ་ཞིག་ཡིན་ལ།ས་གནས་འདི་ནས་ནར་སོན་པ་ཞིག་ཡིན། བཟོ་གྲྭ་འདིར་ཡོང་ནས་ལོ་གཉིས་གསུམ་ཞིག་འགོར་འདུག རང་ས་གནས་ནས་བཟོ་གྲྭ་འདི་ལྟ་བུ་ཞིག་བཙུགས་ན། ས་གནས་མང་ཚོགས་ལ་ལས་ཞུགས་ཀྱི་སྟེགས་བུ་བསྐྲུན་པ་མ་ཟད། ཁྱིམ་ལས་ལས་ཞོར་དང་། རྒན་པ་གཉོར་ཞོར། བྱིས་པ་སློབ་གྲྭར་བསྐྱལ་ཞོར་དུ་ལས་ཞུགས་བྱེད་ཐུབ་པས་སྟབས་བདེ་གང་མང་ཞིག་བསྐྲུན་ཡོད་ལ། ས་ཐག་རིང་ལ་ཡོང་སྒོ་བཙལ་དུ་འགྲོ་མི་དགོས། འདིའི་ཟླ་ཕོགས་ལ་སྒོར་བཞི་སྟོང་ལྷག་ཡོད་པས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་ཡག་པོ་འདུག

ཀུང་ཟིས་རྒྱུ་ཆ་སྤུས་དག་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་རྩེར་སོན་བཟོ་རྩལ་གཞི་གཅིག་ཅན་གྱི་བོད་ལུགས་ས་གདན་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཆེན་པོ་རྙེད་ཡོད་ཅིང་། ཐོན་སྐྱེད་གཞི་ཁྱོན་ཅན་དང་ཆེད་ལས་ཅན། དེང་རབས་ཅན་བཅས་མངོན་འགྱུར་བྱུང་ཡོད་ལ། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད། ཐོན་སྐྱེད། འགྲེམས་སྟོན། ཚོང་གཉེར་བཅས་གཞི་གཅིག་ཅན་གྱི་ཐོན་ལས་གཉེར་སྟངས་གྲུབ་ཡོད།

ཀུང་ཟིས་ཐོག་མའི་ལག་འཐག་ནས་འཕྲུལ་འཐག་ཟུང་འབྲེལ་བྱེད་པའི་བར་དང་། གཞི་ཁྱོན་ཆེན་པོས་བཟོ་བ་ནས་སྒེར་གཤིས་ཅན་གྱི་མངགས་ཉོའི་བར། གཏན་འཁེལ་མངགས་ཉོའི་བཟོ་སྟངས་ནས་རིག་ནུས་བཟོ་སྟངས་བར་དུ། ཆེས་སྔོན་ཐོན་གྱི་ཚན་རྩལ་དང་འདུ་ཤེས་དེ་སྲོལ་རྒྱུན་གྱི་ཐོན་ལས་ནང་རྒྱུན་ཆད་མེད་པར་འདྲེས་པར་བྱས་ནས། རྒྱལ་སྤྱིའི་ཁྲོམ་ར་རུ་ཀན་སུའུ་ཡི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཀྱི་རང་མདངས་མངོན་གང་ཐུབ་བྱས་ཡོད།


གསར་འགོད་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།

རིན་ཆེན་དོན་གྲུབ། ཡུ་མོ་རྒྱལ།

སྲས་མོ་སྒྲོལ་མ། རིག་འཛིན་སྒྲོལ་མ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།