ཚད་རིམ་བཞི་ཡི་ངོས་ནས་འཕེལ་ཕྱོགས་ཆེན་མོར་བལྟ་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་འགན་འཁྲི་ཕྲག་ཏུ་འཁུར་དགོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

ཉེ་ལམ་བསྡུས་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བརྗོད་དོན་གསལ་ཞིང་དོན་དངོས་ཡིན་པས་དོན་སྙིང་གལ་ཆེན་ལྡན། ལྷག་པར་དུ་གྲོས་ཚོགས་ཀྱིས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་དང་། འགན་འཁྲིའི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ལས་འགན་གསར་པ། འགན་འཁྲིའི་ཁག་ཁུར་གསར་པ་བཅས“ཚད་རིམ་བཞི”ཡི་ཐད་ནས་འཕེལ་རྒྱས་དང་སྤྱོད་ཚུལ་ལ་བལྟས་ཏེ། དུས་རབས་གསར་པར་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དགོས་ངེས་རང་བཞིན་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་དམིགས་རྒྱང་རིང་བས། ཞིང་ཆེན་ཏང་ཨུས་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ཚད་མཐོའི་ཆབ་སྲིད་རང་རྟོགས་དང་འགན་ཁྲིའི་ཁག་ཁུར་དྲག་པོར་ཧུར་ཐག་གིས་སྐུལ་འདེད་བཏང་བ་མཚོན་ཡོད།

མིག་སྔར། མཚོ་སྔོན་ནི་འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་ཞིག་ཏུ་གནས་པས། དེང་རབས་ཅན་གྱི་འཕེལ་རིམ་ལ་ཇི་ལྟར་སྐུལ་འདེད་ལེགས་པོ་གཏོང་དགོས་པ་དང་། ཏང་སྲོལ་སྲིད་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་པ། ཇི་ལྟར་བྱས་ན་ད་གཟོད་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དུས་ཐོག་ཏུ་མངོན་འགྱུར་འབྱུང་ཐུབ་བམ་ཞེ་ན། དེ་དག་ཡོད་ཚད་ལས་བྱེད་པའི་དཔུང་སྡེའི་བསམ་པའི་རྣམ་པ་དང་། བྱ་བའི་སྤྱོད་ཚུལ་ལ་འབྲེལ་བ་ཟབ་མོ་ཡོད། ང་ཚོས“ཚད་རིམ་བཞི”ཡི་ཐོག་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློ་དང་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་ཐད་བཀོལ་དགོས་ལ། རྔུལ་ཆུ་མཐའ་དག་ཚ་ལམ་ལམ་བྱེད་པའི་འཐབ་ཕྱོགས་དང་པོར་གཏོར་ཏེ། དོན་དངོས་ཀྱི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་གཞིའི་སྟེང་འགོད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གྱི་མདུན་བསུ་བ་དང་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་གྱི་མི་དམངས་ལ་དྲིན་ལན་འཇལ་དགོས།

ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་གོ་བ་གཏིང་ཟབ་བླངས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་དགོས། མཚོ་སྔོན་གྱི་མཁར་གྲོང་འཕེལ་རྒྱས་ཀྱི་ཧེ་བག་དང་། ས་ཁུལ་བར་གྱི་འཕེལ་རྒྱས་ཀྱི་བར་ཐག་ནི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་གནས་པའི་དངོས་ཡོད་ཀྱི་རྒྱུགས་གཞི་ཡིན་པ་གསལ་པོར་ངེས་དགོས། རྒྱལ་ཡོངས་དང་དུས་མཉམ་དུ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས་ན། ང་ཚོས་ས་ཁུལ་གཞན་དག་དང་བསྡུར་ན་དཀའ་ལས་མང་པོ་བརྒྱུད་དགོས་པ་དང་། “དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”སེམས་ཤུགས་བརྟན་པོ་དེ་བས་གསོག་དགོས། སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ“རྣོ་དང་ལྕགས”སུ་བསྒྱུར་ཐུབ་ཚེ། ད་གཟོད“གཞན་གྱིས་དཀའ་བ་གཅིག་སྤྱད་ན། ང་ཡིས་དཀའ་བ་བཅུ་སྤྱོད་པའི”འབད་འཐབ་ཀྱི་མེ་དཔུང་སྦར་ཐུབ། “སྒུག་རྟེན་སློང་གསུམ”གྱི་སྒྱིད་ལུག་རང་བཞིན་ཉུང་ཙམ་དང་། “མདུན་དུ་མཆོང་བའི”ངར་ཤུགས་ཆེ་ཙམ་ཡོད་དགོས་པ་དང་།“ཧ་ལམ་ཆོག་པའི”སླ་བཅོས་ཇེ་ཉུང་དུ་གཏོང་ཅི་ཐུབ་དང་། “ཉམས་སད་ཐེག་ཐུབ་པའི”གཏན་ཚུགས་ཇེ་ཆེར་བཏང་ནས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་འབད་འཐབ་ཀྱི་རྐང་རྗེས་རེ་རེར་སྲ་བརྟན་གྱི་རྟགས་ཐམ་རེ་རྒྱག་ཐུབ་པར་བྱ་དགོས།

འགན་འཁྲིའི་བླང་བྱ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བསམ་བློའི་ཤེས་རྟོགས་ཀྱི“གནས་ཚད་མ་ལག”ནས་བྱེ་བྲག་ལག་ལེན་གྱི“ལམ་ཐིག་རི་མོའི”བར་དུ། སྔར་བཞིན་སེལ་དགོས་པའི་ཧེ་བག་ཡོད་ལ། སྔར་ལས་མང་པོའི་འགག་སྒྲོལ་གྱི་རྔུལ་ཆུ་ད་དུང་གཏོར་དགོས་པ་གསལ་པོར་ངེས་དགོས། བརྗིད་ཉམས་ལྡན་པའི་འཆར་གཞི་དོན་དངོས་སུ་བསྒྱུར་རྒྱུ་ནི་སྒྲུབ་ཐེངས་གཅིག་ལ་འགྲུབ་པ་ཞིག་གཞི་ནས་མིན། ངོས་འཛིན་ཐད་ཀྱི“ཞན་ཆ་ཅུང་ཙམ་ཡོད་པ”དེས་སྲིད་ཇུས་ལག་ཏུ་བསྟར་བར་འཐེན་སྐུམ་བྱེད་སྲིད་ལ། ལག་ལེན་ཁྲོད“ཅུང་ཟད་དལ་བ”ལས་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་མ་ཐག་ཏུ་འཆོར་སྲིད། སྤྱོད་ཚུལ་ལེགས་པོ་དེ་མདུན་སྐྱོད་ཀྱི“སྐུལ་འདེད་འཕྲུལ་ཆས”སུ་བསྒྱུར་ཚེ། ད་གཟོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཁ་ཕྱོགས་ནོར་མི་སྲིད་པས། ནང་འགྱུར་སྙིང་སྟོབས་ཁྲོད་སྟོབས་ཤུགས་གཅིག་སྡུད་དང་། ཚུལ་སྒྱུར་དོན་འཁྱོལ་ཁྲོད་དཀའ་གནད་སེལ་ཏེ། “མཐོ་གནས”དང“གནས་བཞི”དེ་མཚོ་སྔོན་གྱི་ས་གཞིའི་སྟེང་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པ་དང་། མཐོང་རེག་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཏུ་བསྒྱུར་དགོས།

འཐབ་ཇུས་ཀྱི་ལས་འགན་གསར་པར་གོ་བ་ཟབ་མོ་བླངས་ཏེ། དངོས་སྒྲུབ་སྤྱོད་ཚུལ་འཛུགས་སྐྲུན་བྱེད་དགོས།  དེང་སྐབས་ཚན་རྩལ་གསར་བརྗེའི་རླབས་ཕྲེང་མདུན་ཕྱོགས་སུ་འཕྱུར་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སོ་འཁོར་འགྲོས་ཚད་མཐོ་བའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་འགག་རྐྱེན་མི་ཉུང་བ་ཞིག་ཡོད་པ་གསལ་པོར་ངེས་དགོས། གནད་དོན་དང་འགྲན་སློང་གི་མདུན་དུ། མཚོ་སྔོན་ལ“དལ་བའི”མ་རྩ་མེད་ལ།“སྒུག་པའི”གནས་ནི་དེ་བས་ཀྱང་མེད། དལ་འགོར་དང་སོམ་ཉི་ཅུང་ཙམ་བྱས་ཚེ་ཚུལ་སྒྱུར་གྱི་གོ་སྐབས་འཆོར་སྲིད་ལ། གོམ་སྟབས་ཅུང་ཙམ་དལ་ཚེ་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆེར་འགྲོ་སྲིད། དངོས་དོན་སྒྲུབ་པ་དེ་ཆེས་མངོན་གསལ་གྱི་རྨང་གཞི་རུ་འགྱུར་བར་བྱས་ཏེ། “ཤོག་ཐོག་གཡུལ་བཀོད”ཀྱི་སྟོང་བསམ་ཉུང་ཙམ་འཆང་བ་དང་། “འཁྱགས་གཏོར་འགག་སྒྲོལ”གྱི་འགུལ་སྐྱོད་མང་ཙམ་སྤེལ་བ། “དཀའ་སྐྲག་ཕྱིར་བཤོལ”གྱི་སྡར་གཤིས་འདོར་བ། “འགག་སྒྲོལ་འཕྲང་བརྒལ”གྱི་སྙིང་སྟོབས་སྦར་ཏེ། སྤྱོད་ཚུལ་འཛུགས་སྐྲུན་དེ་རླབས་གཤགས་ཀྱི“རལ་གྲི་རྣོན་པོ”ལྟ་བུར་རྡུང་ཐུབ་ན། ད་གཟོད་ཚན་རྩལ་གསར་བརྗེའི་ཁྲོད་གོ་སྐབས་སྔོན་ལ་འཛིན་ཐུབ་ལ། ཐོན་ལས་གསར་བརྗེའི་ཁྲོད་མཐོ་ས་བཙན་བཟུང་བྱེད་ཐུབ།

འགན་འཁྲིའི་ཁག་ཁུར་གསར་པར་འགྲེལ་བཤད་ཟབ་མོ་བྱས་ཏེ། དམངས་དོན་དུ་སྤྱོད་ཚུལ་གསོ་སྐྱོང་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི“མཇུག་མཐའི་སྤྱི་ལེ་གཅིག”ནས་སྤྱི་པའི་ཞབས་ཞུའི“ཆ་སྙོམས་ཅན་གྱི་སྡེབ་རིས”བར་དང་། ཁྱད་ལྡན་ཐོན་ལས་ཀྱི“སྤུས་འདེགས་ཕན་འཕར”ནས་སྐྱེ་ཁམས་ཁེ་སྤོགས་ཀྱི“ཀུན་ཕན་མཉམ་སྤྱོད”བར། མཚོ་སྔོན་གྱིས་སྔར་བཞིན་ཞན་ཆ་མང་པོ་ཁ་གསབ་བྱེད་དགོས་ལ། དཀའ་ངལ་ཁྱད་གསོད་བྱེད་དགོས་པ་གསལ་པོར་ངེས་དགོས། མཉམ་དུ་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་། མྱུར་འགྲུབ་ཐབས་ལམ་ཞིག་མེད་དེ། དམངས་དོན་སྒྲུབ་པའི་སྤྱོད་ཚུལ་དེ“སེམས་སྦྲེལ་ཟམ་པ”ལྟ་བུར་བསྐྲུན་ནས། “འོལ་ཚོད”ཀྱི་ཇུས་ཆོད་ཉུང་བ་དང་། “མར་སྒུར་ནས”མང་ཙམ་ཉན་པ་བཅས་བྱ་དགོས་པ་དང་། “དཔོན་ཚུགས”ཀྱི་བར་ཐག་ཇེ་ཐུང་དུ་གཏོང་བ་དང་། “ཁྱིམ་ཚང་གཅིག་གི་མིའི”མཛའ་བཤེས་ཇེ་ཉེར་བཏང་ནས། སྲིད་ཇུས་རེ་རེར་དྲོད་ཁོལ་འཛོམས་པ་དང་། ཞབས་ཞུ་སྒྲུབ་ཐེངས་རེ་རེས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སྟེར་བ་བཅས་བྱས་ན། ད་གཟོད་རིགས་སོ་སོའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས“ཕྱོགས་གཅིག་ཏུ”བསྒྲིལ་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ།

ཤ་བོ་རིན་མཚོས་བསྒྱུར།