
མཛོད་དགེ་རྫོང་གིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།
དམར་དམག་རྒྱང་སྐྱོད་ཀྱི་དཀྱོགས་མཚམས་གལ་ཆེན་དུ་གྱུར་བའི་དཔལ་སྐྱིད་གྲོས་ཚོགས་ཀྱི་གནས་རྙིང་ཡོད་སའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་དམར་པོའི་རིག་གནས་སྣེ་ཁྲིད་དུ་བྱས་ཤིང་། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱས་ཏེ། གསར་བརྗེའི་གནས་རྙིང་ཁུལ་དར་རྒྱས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལེའུ་འབད་པས་བྲིས།
མཛོད་དགེ་རྫོང་ནི་དམར་དམག་རྒྱང་སྐྱོད་སྐབས་གངས་རི་དང་རྩྭ་ཐང་བརྒལ་བའི་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། དཔལ་སྐྱིད་གྲོས་ཚོགས་གནས་རྙིང་དེ་ཏང་ཀྲུང་དབྱང་གི་རྒྱང་སྐྱོད་ལམ་གྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ལ། གསར་བརྗེའི་ལོ་རྒྱུས་ཀྱི་དྲན་འཛིན་རྔམ་མཐུག་པ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། མཛོད་དགེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དམར་པོ་སྲོག་ཏུ་བཟུང་ནས་ཡུལ་སྐོར་གྱིས་རྫོང་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་དམིགས་པ་དང་དམར་ལྗང་ཟུང་འབྲེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ལ་རྐང་བཙུགས་ཤིང་། ཆེད་སྤྱོད་མ་དངུལ་བཏང་ནས་དཔལ་སྐྱིད་གྲོས་ཚོགས་ཀྱི་གནས་རྙིང་དང་བབ་བཟོ་འཐབ་འཁྲུག་གི་གནས་ཤུལ་སོགས་དམར་པོའི་གནས་རྙིང་ཞིག་གསོ་བྱས་པ་དང་། ཡང་བསྐྱར་རྒྱང་སྐྱོད་ལམ་དུ་བགྲོད་པའི་ཉམས་ལེན་རང་བཞིན་གྱི་ལས་གཞི་གསར་སྤེལ་བྱས་ཏེ། གསར་བརྗེའི་གནས་རྙིང་དེ་དག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཏང་གི་ལོ་རྒྱུས་ཞིབ་སློབ། སྐྱེ་ཁམས་ལྗོངས་གཟིགས་བཅས་གཞི་གཅིག་མཉམ་འདྲེས་ཅན་གྱི་ཡུལ་སྐོར་བྱ་ཡུལ་དུ་འགྱུར་བར་བྱས། མཛོད་དགེ་རྫོང་ཏང་གི་ལོ་རྒྱུས་ཞིབ་འཇུག་དང་ས་གནས་ལོ་རྒྱུས་རྩོམ་སྒྲིག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞོའུ་ཧྲའོ་ཡུང་གིས་བཤད་རྒྱུར།

ང་ཚོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ས་གནས་མང་ཚོགས་ཀྱིས་གོ་བདེ་བའི་ངང་ནས་གསར་བརྗེའི་གནས་རྙིང་གྲགས་ཅན་གྱི་འོད་སྟོང་འབར་བའི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་མ་ཟད།ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུའི་ཐད་ནུས་པ་མི་དམན་པ་ཞིག་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་གནས་རྙིང་གྲགས་ཅན་དང་ལྗོངས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
མཛོད་དགེ་རྫོང་གིས་ཨ་སྐྱིད་གཡའ་ལུང་སྡེ་བར་ཡོད་པའི་ཀྲོའུ་ཨིན་ལའེ་ཡི་བཞུགས་གནས་སོགས་དམར་དམག་རྒྱང་སྐྱོད་དང་འབྲེལ་བའི་དམར་པོའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཞོར་དུ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་སེམས་སུ་སིམ་པར་བྱེད་ཆེད། དམར་དམག་དང་བོད་རིགས་སྤུན་ཟླའི་འོ་ཆུ་གཅིག་འདྲེས་ཀྱི་གཏམ་རྒྱུད་གླེང་ནས་མི་རིགས་སོ་སོའི་མཉམ་འདྲེས་དང་བརྗེ་རེས་ལ་སྐུལ་འདེད་བཏང་། དེར་མ་ཟད་དུས་བཅད་ལྟར་དམར་པོའི་རིག་གནས་དུས་ཆེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། བོད་རིགས་དང་ཆའང་རིགས། ཧོས་རིགས། རྒྱ་རིགས་སོགས་རིགས་སོ་སོའི་མང་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་ཡུལ་སྐོར་ཐོན་ལས་གཉེར་བས། མི་རེ་རེས་དམར་དམག་རྒྱང་སྐྱོད་གླེང་བ་དང་ཁྱིམ་སོ་སོས་ཏང་ལ་དྲིན་གཟོ་བྱེད་པའི་སྣང་ཚུལ་ཆགས་སུ་བཅུག་སྟེ། གྲོང་གསེབ་དར་སྤེལ་ཐད་ཡུན་རིང་གི་སྙིང་སྟོབས་དང་སྒུལ་ཤུགས་བསྩལ། མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་མི་སྣ་འཕྲིན་ཏུང་དཔལ་གྱིས་བཤད་རྒྱུར།

ང་ཚོའི་མཛོད་དགེ་རྫོང་ལ་མཚོན་ན།དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་མང་པོ་ཞིག་ཡོད། ད་ལྟ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ། ས་གནས་འདིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་པར་མ་ཟད། ས་གནས་མང་ཚོགས་ཀྱི་འཚོ་བའང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།
མིག་སྔར་མཛོད་དགེ་རྫོང་གིས་དམར་དམག་རྒྱང་སྐྱོད་ཀྱི་གནས་རྙིང་དག་མུ་འབྲེལ་དུ་བསྐོར་བའི་ལམ་ཐིག་འཆར་འགོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་དམར་པོའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ས་ཁུལ་བརྩོན་ལེན་བྱེད་བཞིན་ཡོད་ལ། དམར་དམག་རྒྱང་སྐྱོད་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་སྔོག་འདོན་བྱེད་པའི་ཞོར་ལ་དམར་པོའི་ཡུལ་སྐོར་དམ་འཛིན་བྱས་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མི་རིགས་ས་ཁུལ་གྱི་ལེའུ་གསར་བ་འབད་པས་འབྲི་བཞིན་མཆིས།
དམར་པོ་ནི་མཛོད་དགེ་རྫོང་གི་ཆེས་རྣམ་པར་བཀྲ་བའི་རང་མདངས་ཡིན་པས། ཁོ་ཚོས་མུ་མཐུད་དུ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་འཕར་བར་སྐུལ་འདེད་བཏང་སྟེ། གསར་བརྗེའི་གནས་རྙིང་དེར་མ་འོངས་པར་སྔར་ལས་བཀྲག་མདངས་ལྡན་པར་བྱེད་རྒྱུ་རེད།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།
སྲས་མོ་སྒྲོལ་མ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།