མཛོད་དགེ་རྫོང་གིས་སྐྱེ་ཁམས་དང་མཐུན་སྒྲིལ་གྱི་ལེའུ་གསར་བ་བྲིས།

ཁུངས། ཀློག་གྲངས།

མཛོད་དགེ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་གྱི་འཆམ་མཐུན་རི་མོ་བྲིས།

ཉེ་སྔོན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་རྨང་གཞིར་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་དང་། མཐོ་སྒང་གི་བརླན་ས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གནས་ཡུལ་གལ་ཆེན་དུ་གསར་བསྐྲུན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་གྱི་བྱེད་ནུས་ཟུང་ལྡན་མངོན་འགྱུར་བྱས།

མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ1994ལོར་ཐོག་མར་བཙུགས་པ་དང་། 1998ལོར་རྒྱལ་ཁབ་རིམ་པར་འཕར། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང166570.6ཡོད་ལ། མཐོ་སྒང་གི་ནེའུ་གསིང་བརླན་སའི་སྐྱེ་ཁམས་མ་ལག་དང་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་སྲུང་སྐྱོབ་བྱེད་ས་ཞིག་ཡིན་པ་དང་། སྲུང་སྐྱོབ་ས་ཁུལ་དེར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས196ཡོད་པ་དང་། དེའི་ནང་གཅན་གཟན་རིགས38དང་འདབ་ཆགས་རིགས137ཡོད། དེ་ལས་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རིགས17དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས46ཡོད། 2006ལོར་སྲུང་སྐྱོབ་ས་ཁུལ་དེ་རྒྱལ་ཁབ་རང་བྱུང་ཤུལ་བཞག་གི་གྲས་སུ་ཚུད་པ་དང་། 2008ལོར་ཡང་བསྐྱར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་ཚུད་ཡོད་པས། སྐྱེ་ཁམས་ཀྱི་རིན་ཐང་དང་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལྡན། མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཚན་ཞིབ་ཁང་གི་ལས་བྱེད་མི་སྣ་སྒྲོལ་མ་སྐྱིད་ཀྱིས་བཤད་རྒྱུར།

མཛོད་དགེ་བརླན་ས་སྲུང་སྐྱོབ་ཁུལ་འདིར་ལས་ཀ་གཙོ་བོ་གཉིས་ཡོད་དེ།གཅིག་ནི་ཁྲུང་ཁྲུང་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་དང་གཞན་རྩྭ་རྩི་ཤིང་ལ་སྲུང་སྐྱོབ་བྱེད་དགོས་པ་དེ་ཡིན། གཉིས་ནི་མཐོ་སྒང་གི་བརླན་ས་དང་ཡང་ན་འདམ་མཚོའི་སྐོར་ལ་སྲུང་སྐྱོབ་བྱེད་དགོས་པ་དེ་ཡིན། ང་ཚོས་མཛོད་དགེ་རྫོང་ཁོངས་ཀྱི་བརླན་ས་དང་མཚོ་མཚེའུ་ཡོད་སར་སོང་སྟེ་ཁྲུང་ཁྲུང་གི་ཁ་གྲངས་ག་ཚོད་ཡོད་པར་རྒྱུས་ལོན་བྱས་ནས་ཁྲུང་ཁྲུང་ལ་སྲུང་སྐྱོབ་བྱས་པ་ཡིན་ཞིང་། 1999ལོར་ཁྲུང་ཁྲུང་གི་ཁ་གྲངས207ལ་སླེབས་པ་དང་། སྲུང་སྐྱོབ་བྱེད་ཐབས་སྣ་མང་སྤྱད་པར་བརྟེན། ད་སྐབས་ཁྲུང་ཁྲུང་གི་ཁ་གྲངས1100ཡས་མས་སུ་སླེབས་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཡིས་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་ཁྱད་སྟོབས་ལ་བརྟེན་ནས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་མཉམ་འདྲེས་བྱས་པ་དང་། རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས་མཐུན་སྒྲིལ་གྱི་སྲོག་རྩ་རྒྱས་སུ་བཅུག་སྟེ། རིགས་སོ་སོའི་མང་ཚོགས་དག་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་བརྒྱུད་རིམ་ཁྲོད་ནས་སྐྱེ་ཁམས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་ལོན་དུ་བཅུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་བརླན་སའི་གྲུ་ཟུར་རེ་རེར་རྩ་བ་རྒྱས་སུ་བཅུག དེའི་ཞོར་དུ་བརླན་ས་དེ་རང་བྱུང་གི་སློབ་ཁང་དུ་བྱས་ནས་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོ་གང་ལེགས་སྒོས་སྤེལ་བས། མང་ཚོགས་ཀྱི་རང་བྱུང་ཁམས་ཆེན་མོར་བཅངས་པའི་དགའ་ཞེན་ཇེ་ཆེར་བཏང་བ་དང་། མི་སྔར་ལས་མང་པོས་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་གྱི་ཁྱིམ་གཞིས་སྲུང་བར་ཁྲིད་སྟོན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མི་ཀུན་གྱི་སེམས་ཀྱི་ཟབ་སར་སིམ་པར་བྱས། མཛོད་དགེ་བརླན་སའི་འོས་འགན་དོ་དམ་སྲུང་སྐྱོབ་པ་རིག་ཁོ་ཡིས་བཤད་རྒྱུར།

ང་རང2008ལོར་མཛོད་དགེ་བརླན་ས་འདིར་ཡོང་ནས་ལྷ་བྱང་ཁྲུང་ཁྲུང་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ཏེ་ད་བར་དུ་ལོ་བཅུ་བདུན་ལྷག་འགོར་ཡོད། ད་སྐབས་ལྷ་བྱ་ཁྲུང་ཁྲུང་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། རྗེས་ཕྱོགས་མུ་མཐུད་དུ་འདིའི་ཕྱོགས་ལ་འབད་པ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཡིས་སྐྱེ་ཁམས་དང་མི་རིགས་མཐུན་སྒྲིལ་མཉམ་དུ་དམ་འཛིན་བྱས་པས་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། རྩྭ་རྩི་ཤིང་གི་སྐྱེ་སྟོབས་སྔར་ལས་ཇེ་ལེགས་སུ་སོང་ནས་ཕྱོགས་གང་ཅིའི་ཐད་ཉམས་དགའ་བའི་གྲུབ་འབྲས་བཟང་བོ་ཐོབ་ཡོད་པས། 2024ལོར་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་དེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ལ། ཁུལ་རིམ་པ་དང་རྫོང་རིམ་པས་ཀྱང་ཁས་ལེན་གང་ལེགས་གནང་ཡོད་པར་མ་ཟད། བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལའང་འཛམ་གླིང་གི་མཐོ་སྒང་འཁྱག་སའི་བརླན་ས་དང་པོའི་མཚན་སྙན་ཐོབ་ཡོད། མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཡི་མཐོ་རིམ་བཟོ་བཀོད་པ་བསོད་ནམས་སྒྲོལ་མས་བཤད་རྒྱུར།

མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་འདིར་མཚོན་ན།སའི་གོ་ལའི་མཁལ་བ་ལྟ་བུ་ཡིན་ཕྱིར། ང་ཚོས་རང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་བརྩིས་ནས་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དང་མ་འོངས་པའི་ལས་དོན་གལ་ཆེན་ཞིག་ཡིན། ན་ནིང་ང་ཚོའི་ལས་ཁུངས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཐུན་མོང་གི་མཚན་སྙན་ཐོབ་ཅིང་། དེ་ནི་ང་ཚོའི་གཟི་བརྗིད་ཅིག་ཡིན་པ་མ་ཟད། མ་འོངས་པར་བཅངས་པའི་རེ་བ་ཆེན་པོ་ཞིག་ཀྱང་རེད།

ད་ལྟ། མཛོད་དགེ་བརླན་ས་དེ་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་དག་གི་དགའ་ཚལ་དུ་གྱུར་ཡོད་པར་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་མཉམ་སྲུང་དང་མཐུན་སྒྲིལ་མཉམ་སྐུལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་བྱེད་ས་ཞིག་ཏུ་གྱུར་ནས། མཐོ་སྒང་འདིར་སྐྱེ་ཁམས་མཛེས་ཤིང་མི་རིགས་མཐུན་སྒྲིལ་གྱི་འཆམ་མཐུན་རི་མོ་ཞིག་བྲིས་ཡོད།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།

ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།

སྲས་མོ་སྒྲོལ་མ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།