
ཧུང་ཡོན་རྫོང་གིས་ཤར་ནུབ་རོགས་རེས་ཀྱི་ཐབས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཐད་རོགས་འདེགས་བྱས།
ཉེ་སྔོན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གིས་ཀྲུང་དབྱང་གི་ཤར་ནུབ་རོགས་རེས་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་ལ་བརྟེན་ཅིང་། སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་ཚོང་རས་གཙོ་ཁྲིད་བྱེད་པའི་རྣམ་པ་བརྒྱུད་དེ། ཀྲེ་ཅང་ཝུན་ཀྲོའུ་ཅོན་ལན་རིག་གནས་ཡུལ་སྐོར་སྡེ་ཚོགས་ནང་འགུག་བྱས་པ་དང་། ཀྲེ་ཅང་གི་རོགས་འཛུགས་མ་དངུལ་བརྩོན་ལེན་བྱས་ནས། ཡིབ་ཚོམས་གྲོང་གསེབ་སྤྲོ་གསེང་མགྲོན་ཁང་སོགས་ཀྱི་རྣམ་གྲངས་མང་བོ་ལག་ལེན་དུ་བསྟར་བས། ས་གནས་རང་གི་སྡེ་བའི་ཐུན་མོང་གི་ས་ལྷག་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པར་མ་ཟད། ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ས་དེའི་གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་ཐད་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། རྣམ་གྲངས་དེས་ཧུང་ཡོན་རྫོང་ར་སྐོར་སྡེ་བའི་ཐུན་མིན་གྱི་བརླན་སའི་མཛེས་ལྗོངས་ཐོན་ཁུངས་བེད་སྤྱད་དེ་ཅོན་ལན་རིག་གནས་ཡུལ་སྐོར་སྡེ་ཚོགས་ཀྱི་ཆེད་ལས་ཚོགས་པར་ཚོང་གཉེར་དོ་དམ་བྱེད་དུ་བཅུག སྡེ་བའི་ས་ལྷག་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་བརྒྱུད་མ་དངུལ་གྱི་བེད་སྤྱོད་ཕན་ནུས་མཐོར་འདེགས་བཏང་བར་མ་ཟད། ས་དེའི་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས། ཀྲེ་ཅང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཚོང་རའི་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་ནས། མཐོ་སྒང་བརླན་སའི་སྐྱེ་ཁམས་ཁྱད་སྟོབས་དེ་ཡུལ་སྐོར་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་ནས། སྐྱེ་ཁམས་མྱོང་རོལ་དང་རིག་གནས་འགྲེམ་སྟོན། ཁམས་གསོ་སྤྲོ་སྐྱིད་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་གསར་བསྐྲུན་བྱས། ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་ར་སྐོར་སྡེ་བའི་མགྲོན་ཁང་གི་དོ་དམ་པ་སྐལ་བཟང་རྒྱ་མཚོས་བཤད་རྒྱུར།

མགྲོན་ཁང་འདི་ནི2020ལོར་ཀྲེ་ཅང་གི་ཅོན་ལན་ཀུང་ཟི་དང་རུ་སྐོར་སྡེ་བ་གཉིས་མཉམ་འབྲེལ་བྱས་ཏེ་བསྐྲུན་པ་ཞིག་ཡིན་ལ།ཞབས་ཞུ་བ་མི་བཅུ་གཅིག་ཡོད། མགྲོན་ཁང་འདིའི་ཞབས་ཞུ་བ་ཚང་མ་ས་གནས་རང་གི་མི་ཡིན་པ་དང་། སྐབས་ལན་རེར་འགྲུལ་བ་མང་དུས་ཚོ་བ་འདིའི་ནང་གི་མི་གླས་ནས་གླ་ཕོགས་སྟེར་བཞིན་ཡོད། མགྲོན་ཁང་འདིར་ལོ་རེར་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཡོད་ལ། དེའི་ནང་གི་སྒོར་འབུམ་གཉིས་དང་ཁྲི་ལྔ་རུ་སྐོར་སྡེ་བར་བགོ་བཤའ་རྒྱག་བཞིན་ཡོད།
དེ་ལས་གཞན། ཀྲུང་དབྱང་གི་ཤར་ནུབ་རོགས་རེས་སྲིད་ཇུས་དངོས་འབེབས་བྱེད་པ་དང་ཧུང་ཡོན་རྫོང་གི་གྲོང་གསེབ་ཡུལ་སྐོར་ལ་རམ་འདེགས་བྱེད་ཆེད། ཀྲེ་ཅང་ཝུན་ཀྲོའུ་ནས་ཧུང་ཡོན་བར་གྱི་གནམ་གྲུའི་ལམ་ཐིག་སླར་གསོ་བྱས་པ་དང་། དེའི་ཐད་ལ་ཀྲེ་ཅང་ཕྱོགས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས། དེ་ལས་ཤར་ནུབ་རྒྱུད་ཀྱི་མི་སྣའི་འགྲོ་འོང་ཐད་སྟབས་བདེ་བཟོ་བར་འགན་སྲུང་བྱས་ཡོད་ལ། ཡུལ་སྐོར་འཕེལ་རྒྱས་དང་འགྲིམ་འགྲུལ་འགན་སྲུང་། ཐོན་ལས་སྐུལ་སྤེལ་བཅས་ཀྱི་སྣང་ཚུལ་བཟང་བོ་ཆགས་སུ་བཅུག ཧུང་ཡོན་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུན་ཏུང་གིས་བཤད་རྒྱུར།

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཤར་ནུབ་རྒྱུད་རོགས་རེས་བྱ་བའི་བཀོད་སྒྲིག་ལྟར། ཀྲེ་ཅང་ཝུན་ཀྲོའུ་གྲོང་ཁྱེར་གྱིས་ཧུང་ཡོན་རྫོང་ལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ནས། ཧུང་ཡོན་རྫོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། དེ་ལས་གཞན་ར་སྐོར་སྡེ་བའི་མགྲོན་ཁང་ལས་པ་རེད། ད་ལོར། ཀྲེ་ཅང་ཝུན་ཀྲོའུ་གྲོང་ཁྱེར་ནས་ཧུང་ཡོན་རྫོང་གི་གནམ་གྲུའི་ལམ་ཐིག་སླར་གསོ་བྱས་པས། ནང་ལོགས་ཀྱི་འགྲུལ་བ་མང་པོ་མཐོ་སྒང་གི་ས་གཞིར་འདིར་ཡུལ་སྐོར་ལ་ཡོང་ནས། ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུའི་ཐད་ནུས་པ་ཆེན་པོ་ཞིག་བཏོན་ཡོད།
གྲོང་གསེབ་ཡུལ་སྐོར་དར་རྒྱས་སུ་གཏོང་བའི་ལས་གཞི་དེ་ནི་ཤར་ནུབ་རོགས་རེས་ཀྱི་དམིགས་བསལ་དཔེ་མཚོན་ལྟ་བུ་ཡིན་ཞིང་། རོགས་འཛུགས་མ་དངུལ་ལེགས་སྒྲིག་དང་ཆེད་ལས་ཚོགས་པ་ནང་འགུག ས་གནས་རང་གི་ཐོན་ཁུངས་བེད་སྤྱོད་བཅས་བྱས་ཏེ། མཐོ་སྒང་མི་རིགས་ས་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་ཐུབ་ཡོད་ལ། རྗེས་ཕྱོགས་ཧུང་ཡོན་རྫོང་གིས་མུ་མཐུད་དུ་ཀྲེ་ཅང་ཝུན་ཀྲོའུ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་རྣམ་གྲངས་སྔར་ལས་མང་བོ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཧུང་ཡོན་རྫོང་དེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་འཛུགས་སྐྲུན་བྱེད་པར་བརྩོན་རྒྱུ་རེད།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།
སྲས་མོ་སྒྲོལ་མ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།