ཧུང་ཡོན་ཤིས་འཕེལ་མཉམ་ལས་ཁང་གིས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

ཧུང་ཡོན་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་གིས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།

མཚོ་འཕངས་སྨི3500ཡོད་པའི་སི་ཁྲོན་ནུབ་ཕྱོགས་ཀྱི་མཐོ་སྒང་དུ། བཙུགས་ནས་ལོ་གཅིག་ལྷག་ལས་འགོར་མེད་པའི་ཕྱུགས་ལས་མཉམ་ལས་ཁང་ཞིག་གིས་ས་དེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་བྱེད་བཞིན་མཆིས། 2024ལོར་གསར་དུ་བཙུགས་པའི་ཧུང་ཡོན་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་མག་གསར་གཡང་སྡེའི་ཐུན་མོང་ཕྱུགས་ལས་མཉམ་ལས་ཁང་ཡིན་པའི་ཆ་ནས། གཞི་རྒྱ་ཅན་གྱི་ཚོང་གཉེར་དང་ཚོང་ར་ཅན་གྱི་འཁོར་སྐྱོད་ལ་བརྟེན་ནས་མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་སྡེ་བར་ཐུན་མོང་ཁེ་སྤོགས་སྒོར་འབུམ་གསུམ་བགོ་བཤའ་བྱས་ཏེ། ས་གནས་སྲིད་གཞུང་དང་རིགས་སོ་སོའི་མང་ཚོགས་ཀྱི་ཁ་ན་སྙན་པ་རླུང་ལྟར་གྲགས་པའི་ཕྱུག་འགྱུར་གྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད།  ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་གསར་གཡང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་ཡིས་བཤད་རྒྱུར།

ང་ཚོའི་སྡེ་བའི་ཁང་པ་ནི་རྒྱལ་ཁབ་ཀྱིས་གསར་དུ་བསྐྲུན་པ་ཡིན་པས།ཁོར་ཡུག་གྲ་དག་ལ་མིག་ལ་མཛེས་པ་ཞིག་རེད། དེ་མིན་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག  སྡེ་བའི་གཞུང་སའི་སྟེང་མཉམ་ལས་ཁང་བཙུགས་ནས་ཕྱོགས་གསུམ་པའི་སྦྱིན་བདག་ཅིག་ལ་གླས་ཏེ་བ་གླང་དང་མཛོ་མོ་གསོ་ས་བྱས་ཡོད་ཕྱིར། ལོ་རེར་ཡོང་འབབ་སྒོར་འབུམ་གསུམ་ལེན་ཐུབ་ལ། ལོ་མཇུག་ཏུ་དེའི་ཁེ་སྤོགས་ཚང་མ་སྡེ་མི་ཚོར་བགོ་བཤའ་རྒྱག་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཧུང་ཡོན་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་དེ་སྡེ་བ་ཐུན་མོང་གིས་སྣེ་ཁྲིད་ནས་བཙུགས་པ་ཡིན་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་འབྲོག་དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དམིགས་འབེན་དུ་བཟུང་ནས། སྡེ་བའི་ཁ་ཐོར་དུ་གནས་པའི་རྩྭ་སའི་ཐོན་ཁུངས་དང་ནོར་གནག་གི་གསོ་སྤེལ་ལག་རྩལ་ལེགས་སྒྲིག་བྱས་པ་དང་། ཚན་རིག་ལྟར་ཕྱུགས་ལས་ཐོན་སྐྱེད་ལ་འཆར་འགོད་བྱས་ཏེ། གཅིག་གྱུར་གྱིས་སྒོ་ཕྱུགས་ལ་དོ་དམ་དང་ཕྱུགས་རྒྱུད་ལེགས་བསྒྱུར་བྱས། སྔོན་ཆད་འབྲོག་ཁྱིམ་རེ་རེས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་སྐབས་སུ་ཉེན་ཁའི་འགོག་ནུས་ཞན་པ་དང་ཡོང་འབབ་གཏན་འཇགས་མིན་ཡང་། ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་བཙུགས་རྗེས། སྡེ་བའི་ནང་གི་འབྲོག་པ་མང་བོས་མཉམ་ལས་ཁང་དེར་ལས་ཀ་བྱེད་བཞིན་ཡོད་ལ། ལག་རྩལ་གསོ་སྦྱོང་སོགས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་དེང་རབས་ཅན་གྱི་གསོ་སྤེལ་ནུས་པ་ཇེ་མཐོར་བཏང་ཡོད། ཕྱུགས་ལས་མཉམ་ལས་ཁང་དེས་དཔལ་འབྱོར་གྱི་ཕན་འབྲས་ལེགས་པོ་བླངས་ནས་འབྲོག་པ་མང་ཚོགས་ལ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ཉམས་སུ་མྱོང་དུ་བཅུག་ཡོད་ལ། མཉམ་ལས་ཁང་གི་འཛུགས་སྐྲུན་ནང་ཞུགས་པའི་བརྩོན་སེམས་མཐོར་འདེགས་བཏང་ཡོད། དེའི་སྐོར་ནས་ཧུང་ཡོན་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་གི་དོ་དམ་པ་སྟག་ལྷ་ཡིས་བཤད་རྒྱུར།

ང་ཚོའི་མག་གསར་གཡང་སྡེའི་མཉམ་ལས་ཁང་ནི་ན་ནིང་གསར་དུ་བཙུགས་པ་ཞིག་ཡིན་ལ།སྤྱིའི་རྩྭ་སའི་རྒྱ་ཁྱོན་ལ་ས་མུའུ་སྟོང་ལྔ་ཡས་མས་ཡོད། མཉམ་ལས་ཁང་འདིར་རྒྱུན་དུ་ལས་ཞུགས་བྱེད་མཁན་མི་བདུན་ཡོད་པ་དང་། མཚམས་ལན་རེར་མག་གསར་གཡང་སྡེའི་སྡེ་མི་ཉི་ཤུ་ཡས་མས་ཞོར་ལས་བྱེད་པར་ཡོང་བཞིན་ཡོད། ན་ནིང་ང་ཚོའི་མཉམ་ལས་ཁང་གིས་ཟོག་སྟོང་གཅིག་དང་ང་བརྒྱ་ལྷག་བཙོངས་ཟིན་ལ། ད་ལོར་མཉམ་ལས་ཁང་དུ་གསོ་བཞིན་པ་དང་རི་མགོར་འཚོ་བཞིན་པའི་ཟོག་སྟོང་གཅིག་དང་བརྒྱ་ལྷག་ཡོད།

ཧུང་ཡོན་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་གི་གོམ་སྟབས་མྱུར་བའི་འཕེལ་རྒྱས་དང་ཕན་འབྲས་མངོན་གསལ་བླངས་པ་དེར་ཧུང་ཡོན་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་ཐོབ་པར་མ་ཟད་རིགས་སོ་སོའི་མང་ཚོགས་ཀྱི་གཟེངས་བསྟོད་ཀྱང་ཐོབ་ཡོད། ཕྱུགས་ལས་མཉམ་ལས་ཁང་དེའི་ལག་ལེན་བཟང་བོ་ལས་གྲོང་གསེབ་དར་སྤེལ་གྱི་གནས་ཚུལ་འོག་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་མིག་དཔེ་བཟང་བོ་བསྟན་ཡོད་ལ། དེ་ལས་འབྲོག་ཁུལ་གྱི་སྲོལ་རྒྱུན་ཐོན་ལས་ཁ་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས་ནས། གཞན་གྱིས་སློབ་སྦྱོང་བྱས་ཆོག་པའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད། མག་གསར་གཡང་སྡེའི་སྡེ་མི་སྐར་བ་ཡིས་བཤད་རྒྱུར།

ང་ནི་མཉམ་ལས་ཁང་འདིར་ཟོག་བཙོངས་རོགས་བྱེད་མཁན་ཡིན་པས། དེར་བསྟུན་གྱི་ཡོང་སྒོ་ལེན་ཐུབ་ལ། དེས་ང་ལ་ཕན་པ་ཆེན་པོ་ཐོབ་སོང་།

2025ལོར་ཤིས་འཕེལ་ཕྱུགས་ལས་མཉམ་ལས་ཁང་གིས་གསོ་སྤེལ་གཞི་རྒྱ་ཇེ་ཆེར་བཏང་བའི་ཁར་མག་གསར་གཡང་སྡེའི་ནོར་གནག་གི་མཚོན་བྱེད་ཟོང་རྟགས་གསར་བསྐྲུན་བྱེད་བཞིན་ཡོད་ལ། གློག་རྡུལ་ཚོང་དོན་ལ་བརྟེན་ནས་ཕྱིར་འཚོང་གི་ཐབས་ལམ་རྒྱ་བསྐྱེད་པའི་འཆར་གཞི་ཡོད་པར་མ་ཟད། ཁོ་ཚོས་སྡེ་བའི་ཐུན་མོང་ཡོང་འབབ་ལྡབ་འགྱུར་གྱིས་འཕར་བ་དང་འབྲོག་པ་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁེ་སྤོགས་ཉམས་སུ་མྱོང་དུ་འཇུག་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་འདུག

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།

ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།

སྲས་མོ་སྒྲོལ་མ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།