རྔ་བ་རྫོང་གིས་དམངས་སྲོལ་བྱ་འགུལ་སྤེལ་ཏེ་འབྲོག་པའི་འཚོ་བར་གསོན་ཤུགས་བསྩལ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

རྔ་བ་རྫོང་གཅའ་རོ་གྲོང་རྡལ་གྱིས་དམངས་སྲོལ་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ཏེ་འབྲོག་དམངས་ཀྱི་འཚོ་བ་ལ་བདེ་སྐྱིད་ཀྱི་གསོན་ཤུགས་བསྩལ།

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། འདུ་ཤེས་གསུམ་གྱིས་དམངས་སེམས་གཅིག་ཏུ་འགུག སེ་འབྲུ་བཞད་ནས་འབྲོག་པའི་རྣམ་གསར་བསྐྲུན་ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རྔ་བ་རྫོང་གཅའ་རོ་གྲོང་རྡལ་གྱི་སྐབས་དགུ་པའི་འབྲོག་ལས་དབྱར་སྟོན་ཆེན་མོ་གཅའ་རོ་གྲོང་རྡལ་གཅའ་ཆུའི་འགྲམ་ངོགས་ནས་དངོས་སུ་སྤེལ། ཐེངས་འདིའི་འབྲོག་ལས་དབྱར་སྟོན་ཆེན་མོ་ནི་རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་རེད། འབྲོག་ལས་དབྱར་སྟོན་སྐབས་སུ་དམངས་སྲོལ་རྩལ་འགྲན་དང་ཁྱད་ལྡན་བྱ་འགུལ་རབ་དང་རིམ་པ་ཀུན་གྱི་མིག་གི་དགའ་སྟོན་དུ་ཕུལ་ནས། འབྲོག་པ་མང་ཚོགས་དང་ཡུལ་སྐོར་བར་རྩྭ་ཐང་གི་ཡུལ་སྲོལ་གྱིས་ཀུན་ནས་ཕྱུག་པའི་རིག་གནས་ཀྱི་དགའ་སྟོན་ཞིག་བཤམས་ཡོད། རྔ་བ་རྫོང་གཅའ་རོ་གྲོང་རྡལ་གྱི་ཧྲུའུ་ཅི་གཞོན་པ་དཔལ་མགོན་སྐྱབས་ཀྱིས་བཤད་རྒྱུར།

ཐེངས་འདིའི་བྱ་འགུལ་ནི་གཅའ་རོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།ཕལ་ཆེར་ལོ་རེར་ཐེངས་གཅིག་རེ་སྤེལ་བཞིན་ཡོད། དམིགས་ཡུལ་གཙོ་བོ་ནི་འདུ་ཤེས་གསུམ་ཁྱབ་བསྒྲགས་བྱེད་པ་དང་། དམངས་སེམས་གཅིག་ཏུ་བཀུག་ནས་གཅའ་རོ་གྲོང་རྡལ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་ཆེད་ཡིན།

འབྲོག་ལས་དབྱར་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བཀོད་སྒྲིག་བྱས་ཡོད་ཅིང་། དགའ་སྤྲོའི་གླུ་གར་དང་ཁྱད་ལྡན་དམངས་སྲོལ་རྩལ་འགྲན་སོགས་ཀྱིས་ཡུལ་དངོས་སུ་སྤྲོ་ཉམས་ཀྱིས་ཁེངས་པར་བྱས། ཐེངས་འདིའི་འབྲོག་ལས་དབྱར་སྟོན་ཆེན་མོའི་བྱ་འགུལ་རྣམ་གྲངས་ལ་གཡག་ལ་ཁལ་འགེལ་བ་དང་ཇ་སྐོལ་བ། མཐོ་མཆོང་། གླང་ཆེན་ས་གཤགས། འཕྲུལ་རྟའི་རྩལ་འགྲན། ས་སྒྱེ་འགྱོག་པ། གཅའ་ལུག་དང་ནོར་གནག་གི་ཡག་གཤིབ་སོགས་སྲོལ་རྒྱུན་གྱི་རྩལ་ནུས་འགྲན་སྡུར་ཡོད་པས། ས་གནས་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་བོའི་དྲོད་ཁོལ་མྱོང་དུ་བཅུག་ཡོད་ལ། ལྟད་མོ་བ་དག་ལ་ཐག་ཉེ་ས་ནས་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཐུན་མིན་ཁྱད་ཆོས་ཉམས་སུ་མྱོང་དུ་བཅུག་ཡོད། དེའི་ཐད་ནས་རྔ་བ་རྫོང་གཅའ་རོ་གྲོང་རྡལ་གྱི་མང་ཚོགས་འཇམ་དཔལ་གྱིས་བཤད་རྒྱུར།

ང་ཚོའི་གཅའ་རོ་གྲོང་རྡལ་གྱི་སྐབས་དགུ་པའི་འབྲོག་ལས་དབྱར་སྟོན་ཆེན་མོ་འདིར་རྩེད་མོའི་རྣམ་གྲངས་བཅུ་ལྷག་ཡོད་ལ།ཚང་མ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དག་དག་རེད། དོ་ཚིགས་བྱ་འགུལ་གྱི་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཞིག་འཚོགས་དང་ཐལ། དེས་ཚོ་བ་དང་ཚོ་བའི་མཐུན་སྒྲིལ་ལ་ཕན་པས། མང་ཚོགས་ཀུན་གྱིས་རེ་ལྟོས་བྱེད་ས་ཞིག་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། གཅའ་རོ་གྲོང་རྡལ་གྱི་འབྲོག་ལས་དབྱར་སྟོན་ཆེན་མོ་དེ་ད་ལྟའི་བར་སྐབས་དགུ་ལ་སྤེལ་བ་དང་། དེ་ས་གནས་དེ་གའི་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་པ་དང་། འབྲོག་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་གསར་བ་ཕྱི་ལ་བསྒྲགས་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རིགས་སྣ་ཚོགས་ཀྱི་མཉམ་ཞུགས་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་དམངས་སེམས་གཅིག་འདུས་བྱེད་པ་དང་། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། ཐུན་མོང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་ཆགས་པར་བྱས་ཡོད་ལ། མཐུན་སྒྲིལ་གྱི་མེ་ཏོག་ཡངས་པའི་རྩྭ་ཐང་ཆེན་མོར་རྣམ་པར་བཞད་དུ་འཇུག་པའི་སྨོན་འདུན་བཟང་བོ་དོན་སྨིན་ཡོང་བར་བྱས་ཡོད།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།

ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།

སྲས་མོ་སྒྲོལ་མ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།