ཛམ་ཐང་རྫོང་གིས་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་ཐད་གྲུབ་འབྲས་བླངས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

ཛམ་ཐང་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དང་ན་གཞོན་ལས་ཞུགས་ལས་གཏོད་ཀྱི་མཐོ་ས་གསར་བ་བསྐྲུན།

ཛམ་ཐང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྫོང་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རིགས་སྣ་སུམ་ཅུ་ལྷག་ཡོད་པས། བོད་ཀྱི་རིག་གནས་གཞི་རྒྱུའི་མཛོད་དུ་བསྔགས་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཛམ་ཐང་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་བརྒྱུད་སྦྱོང་ཁང་དང་ལས་རིགས་གསར་གཏོད་གླིང་སོགས་འཛུགས་སྐྲུན་བྱས་པ་ལ་བརྟེན་ནས་ན་གཞོན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་སྟོང་ཕྲག་ལྷག་གསོ་སྐྱོང་བྱས་ཏེ། ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བར་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་གནས་རྒྱུན་འཛིན། ཐོན་ལས་དར་སྤེལ་བཅས་ཀྱི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

ཛམ་ཐང་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རྩལ་ནུས་གསོ་སྦྱོང་། རིག་གནས་གྲུབ་འབྲས་འགྲེམ་སྟོན་བཅས་གཞི་གཅིག་ཏུ་གྱུར་བའི་ཛམ་བྷ་ལའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་རིགས་གསར་གཏོད་གླིང་དེ་ས་གནས་རིག་གནས་འཛུགས་སྐྲུན་གྱི་སྐད་གྲགས་ཆེ་བའི་མིང་བྱང་དུ་གྱུར་ཡོད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཐད་སྒུལ་ནུས་ཆེན་པོ་ཐོན་ཡོད། དེའི་ཕྱོགས་ནས་ཛམ་ཐང་རྫོང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལྟེ་གནས་ཀྱི་འགན་འཛིན་པ་ཚེ་རིང་མགོན་པོས་ངོ་སྤྲོད་བྱེད་རྒྱུར།

ཐོན་ལས་གླིང་འདིར་མཚོན་ན།ཤིང་བརྐོ་དང་འཚེམ་བཟོ། རྫ་བཟོ་ལ་སོགས་པ་ཕུལ་བྱུང་གི་སྲོལ་རྒྱུན་ལག་རྩལ་རྣམ་གྲངས་བཅུ་བདུན་ཡོད་ལ། གླིང་ཁུལ་ཡོངས་སུ་ལས་མི་ལྔ་བརྒྱ་ལྷག་དངོས་སུ་བྱ་བ་བསྒྲུབ་ཀྱིན་ཡོད་པ་དང་། ཞོར་དུ་ས་གནས་མང་ཚོགས་སུམ་སྟོང་ལྷག་གིས་ཞོར་ལས་བྱེད་བཞིན་ཡོད། ཁྱད་པར་དུ། འདི་དང་འདི་ལྟ་བུའི་ལས་རིགས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ས་ཡ་གཉིས་ལྷག་ལེན་ཐུབ་ཕྱིར། ཐོན་ལས་གླིང་འདིས་སྤྱི་ཚོགས་ཀྱི་ནུས་པ་དང་ཆབ་སྲིད་ཀྱི་ནུས་པ། དཔལ་འབྱོར་ཀྱི་ནུས་པ་བཅས་ཕྱོགས་མང་པོའི་ཐད་ནས་ནུས་པ་བླ་ལྷག་ཐོན་ཀྱིན་མཆིས།

གཟུགས་འདས་ཤུལ་བཞག་རིག་གནས་ལས་རིགས་གསར་གཏོད་གླིང་དེ་གཙོ་བོ་ཛམ་བྷ་ལའི་གཟུགས་འདས་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ལྟེ་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་ལས་ཤག་གཉིས་ཀྱིས་གྲུབ་ཡོད་ཅིང་། ཐང་ག་དང་ས་གདན། རྫ་ཆས། ཤིང་བརྐོས། བོད་ཤོག་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རིགས་སྣ་མང་བོ་མཉམ་འདུས་བྱས་ཡོད་ལ། གཟུགས་འདས་ཤུལ་བཞག་རིག་གནས་ལས་རིགས་གསར་གཏོད་གླིང་དེར་བརྒྱུད་སྦྱོང་གི་རིགས་སྣ་མི་འདྲ་བ་ལྟར་དུ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཡོད་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སོ་སོའི་འཐུས་སྒོ་ཚང་བའི་ཐོན་སྐྱེད་བརྒྱུད་རིམ་དང་། རྩེར་སོན་གྱི་ལག་རྩལ། རྒྱུན་རིང་བའི་ལོ་རྒྱུས་སོགས་མངོན་པར་བྱས་ཏེ། ལྟད་མོ་བ་དག་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐུན་མིན་འགུག་ཤུགས་དངོས་སུ་མྱོང་རོལ་བྱེད་ཐུབ་པར་བྱས་ཡོད།

མིག་སྔར། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དགེ་རྒན་བཅུ་ཕྲག་འགའ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་བརྒྱ་ཕྲག་འགའ་ཡིས་གླིང་ཁུལ་དེར་སློབ་སྦྱོང་དང་བགྲོ་གླེང་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། ཁོ་ཚོས་ངག་ནས་བརྒྱུད་པ་དང་ལག་ལེན་ལས་དམར་ཁྲིད་བྱེད་པའི་སྲོལ་རྒྱུན་གྱི་ཁྲིད་ཐབས་བརྟན་སྲུང་བྱས་ཏེ། གནའ་བོའི་ལག་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པར་བརྩོན་བཞིན་ཡོད། ཛམ་ཐང་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་སེང་ཕྲུག་གིས་བཤད་རྒྱུར།

ང་ཚོའི་བརྒྱུད་སྦྱོང་ལྟེ་གནས་འདིར་མཚོན་ན།གཟུགས་འདས་ཤུལ་བཞག་རིག་གནས་དང་འབྲེལ་བའི་བྱ་བ་གཉེར་ནས་ཕལ་ཆེར་ལོ་ཉི་ཤུ་ཡས་མས་འགོར་བཞིན་ཡོད་ལ། དེར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འབོར་ཆེན་ཡོད་པ་དང་། ཁྱབ་ཁོངས་སོ་སོར་ས་གནས་རང་གི་ལག་ཤེས་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད་དེ། ཁོ་ཚོས་ས་གནས་རང་གི་ལག་རྩལ་བཟོ་རྩལ་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། ནང་ལོགས་ཀྱི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་གྲས་སུ་བརྒྱུད་སྦྱོང་ལྟེ་གནས་མང་པོ་བཙུགས་པ་དང་། ས་གནས་ཀྱི་ལག་ཤེས་པ་མང་པོ་ཕྱི་ཕྱོགས་སུ་སོང་ནས་སློབ་སྦྱོང་དང་ལག་ལེན་བྱས་ཏེ། ལག་ཤེས་བཟོ་རྩལ་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། རྣམ་གྲངས་སོ་སོའི་རིག་གནས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས། རིག་གནས་ཐོན་ལས་ཅན་གྱི་ལམ་བུར་བགྲོད་བཞིན་པའི་སྒང་ཡིན །

སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གཟུགས་འདས་ཤུལ་བཞག་རིག་གནས་ལས་ཤག་དང་སི་ཁྲོན་ཞིང་ཆེན་ན་གཞོན་ལས་ཞུགས་ལས་གཏོད་ཀྱི་རྟེན་གཞི་ཡིན་པའི་ཆ་ནས། ཛམ་བྷ་ལའི་གཟུགས་འདས་ཤུལ་བཞག་རིག་གནས་བརྒྱུད་སྦྱོང་ལས་རིགས་གསར་གཏོད་གླིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་ཐད་ཆེད་ལས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ཡོད་པར་མ་ཟད། རྩལ་ནུས་གསོ་སྦྱོང་དང་རིག་གནས་ལས་གཏོད། གཟུགས་འདས་རིག་གནས་ཤུལ་བཞག་དང་དེང་རབས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས་ཏེ། ས་གནས་ཀྱི་ན་གཞོན་དག་ལ་ལས་ཞུགས་ལས་གཏོད་ཀྱི་སྟེགས་བུ་གསར་བ་ཞིག་བསྐྲུན་ཡོད་ཅིང་། ཛམ་བྷ་ལའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཞོར་དུ་མཛེས་སྡུག་གི་ཁྱིམ་གཞིས་དང་རིག་གནས་ཀྱི་ཕ་ས་ཞེས་པའི་མིག་དཔེ་བཟང་བོ་ཆགས་པར་བྱས་ནས། མི་ཀུན་ལ་ཛམ་བྷ་ལའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཛད་པ་མེད་པའི་འགུག་ནུས་ངོམ་བཞིན་ཡོད་ལ། མ་འོངས་པར་ཛམ་བྷ་ལའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་རིགས་གསར་གཏོད་གླིང་གིས་བསྟུད་མར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཐད་ནུས་པ་འདོན་སྤེལ་བྱེད་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རངབཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱི་རིག་གནས་དར་སྤེལ་ཐད་སྟོབས་ཤུགས་འབུལ་རྒྱུ་རེད།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།

ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།

སྲས་མོ་སྒྲོལ་མ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།