རྔ་བ་རྫོང་གིས་ནས་ནག་ཐོན་ལས་ཀྱིས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

རྔ་བ་རྫོང་གིས་ནས་ནག་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།

འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དུ་ཆགས་པའི་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ནས། ནས་ནག་ཅེས་པའི་གནའ་བོའི་ལོ་ཏོག་དེར་ཚན་རྩལ་དང་ཐོན་ལས་ཅན་ལ་བརྟེན་ནས་གསོན་ཤུགས་གསར་བ་རྒྱས་ཡོད། ས་གནས་ཀྱི་ཁྱད་ལྡན་ཞིང་ལས་གཙོ་བོ་ཡིན་པའི་ཆ་ནས། ནས་ནག་གིས་ལོ་རབས་མང་བོའི་རོང་འབྲོག་མང་ཚོགས་གསོས་ཡོད་པར་མ་ཟད་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་གནད་འགག་གི་ནུས་པ་ཐོན་བཞིན་མཆིས། ཉེ་བའི་ལོ་འགའི་རིང་ལ། རྔ་བ་རྫོང་ནས་འབྱུང་ནས་ལས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གཙོ་བྱས་པའི་སྣེ་ཁྲིད་ཁེ་ལས་དག་གིས་ཐོན་ལས་ཕྲེང་སྦྲེལ་ཅན་ལ་བརྟེན་ནས་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་དང་། ནས་ཀྱི་རིག་གནས་འགྲེམ་སྟོན་ཁང་དང་ནས་ཀྱི་ཚན་རིག་ཞིབ་འཇུག་གསོ་སྤེལ་ལ་སྐུལ་འདེད་བཏང་བས། རྔ་བ་རྫོང་གི་རིག་གནས་སྲོག་རྩ་དང་དཔལ་འབྱོར་རིན་ཐང་ཟུང་དུ་འབྲེལ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

རྔ་བ་རྫོང་ནི་སི་ཁྲོན་ནུབ་བྱང་ཕྱོགས་ཀྱི་མཐོ་སྒང་དུ་གནས་ཤིང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལོ་ངོ་སྟོང་ཕྲག་འགའི་རྨོ་འདེབས་ལོ་རྒྱུས་ལྡན་པས། ནས་དེ་ས་གནས་རོང་འབྲོག་མང་ཚོགས་ཀྱི་འབྲུ་རིགས་གཙོ་བོར་གྱུར་ཡོད། རྒྱལ་ཡོངས་ཀྱི་ཚོང་དོན་འབྲུ་རིགས་རྟེན་གཞི་ཡིན་པའི་ཆ་ནས། རྔ་བ་རྫོང་ལ་རྩྭ་ཐང་གི་ནས་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད། ནས་ནག་གིས་འཁྱག་གྲང་དང་ཐན་སྐམ་ཐུབ་པའི་ཁྱད་གཤིས་ལ་བརྟེན་ནས་མཐོ་སྒང་གི་གཞི་འདིའི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ད་ལྟ་མཐོ་སྒང་གི་ལྗང་མདོག་ཞིང་ལས་ཀྱི་གསེར་གྱི་ས་བོན་ལྟ་བུར་གྱུར་ཡོད། རྔ་བ་རྫོང་ནས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་གྱི་འགན་ཁུར་བ་མུའུ་ཞིའུ་ཐིང་གིས་བཤད་རྒྱུར།

ང་ཚོའི་ནས་ཀྱི་དེང་རབས་ཅན་ཞིང་ལས་གླིང་ཁུལ་གྱིས་གཙོ་བོ་ནས་འདེབས་ཀི་ཡོད། ང་ཚོས་ཁུལ་ཞིང་ལས་ཚན་རྩལ་ཅུའུ་དང་མཉམ་འབྲེལ་སྒོས་ནས་ཀྱི་གྲུབ་ཆར་ཞིབ་འཇུག་བྱས་ཏེ་ནས་ནག་གི་འཚིག་ཇ་དང་ནས་ནག་གི་གོ་རེ།  ཕྱུར་བ་འོ་ཇ་སོགས་ཐོན་རྫས་མང་པོ་ཐོན་སྐྱེད་བྱས་ནས། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ནུས་པ་ཆེན་པོ་ཐོན་ཡོད།

ནས་ཀྱི་ཐོན་ལས་ཅན་གྱི་འཕེལ་རིམ་ཁྲོད། སི་ཁྲོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་ཏེ་རྔ་བ་རྫོང་ནས་འབྱུང་ནས་ལས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་ནུས་པ་ཆེན་པོ་བཏོན་ཡོད་ལ། སྤྱི་གཉེར་ཁང་དེས་སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་བའི་ཁྱིམ་ཚང་བཅས་མཉམ་འབྲེལ་བྱེད་པའི་ཐབས་ལ་བརྟེན་ནས། ནས་ནག་གི་འདེབས་འཛུགས་དང་ལས་སྣོན། ཐོན་རྫས་གསར་སྤེལ། ཕྱིར་འཚོང་བཅས་ཀྱི་ནང་ཟབ་ཞུགས་བྱས་ཏེ། འཐུས་སྒོ་ཚང་བའི་ཐོན་ལས་ཕྲེང་སྦྲེལ་ཆགས་ཡོད། སྤྱི་གཉེར་ཁང་དེའི་ཕྱུར་བ་འོ་ཇ་སོགས་ཐོན་རྫས་རབ་དང་རིམ་པས་ཚོང་ར་རྒྱ་བསྐྱེད་ཡོད་པར་མ་ཟད་ས་གནས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བྱས་ཡོད། རྫོང་རིམ་པའི་སྣེ་ཁྲིད་ཁེ་ལས་ཡིན་པའི་ཆ་ནས། ཀུང་ཟི་དེ་ད་རུང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་གྱུར་ནས། ན་གཞོན་དག་ལ་ལས་ཞུགས་ལས་གནས་འདོན་སྤྲོད་བྱེད་པ་དང་། འབྲོག་པ་དག་དེང་རབས་ཞིང་ལས་ཐོན་སྐྱེད་ནང་ཞུགས་པར་སྐུལ་འདེད་བཏང་ཡོད། རྔ་བ་རྫོང་ནས་འབྱུང་ནས་ལས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་འགན་འཛིན་པ་ཚེ་རིང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱེད་རྒྱུར།

ང་ཚོའི་ལོ་གཅིག་གི་ཕྱིར་འཚོང་གི་དངུལ་གྲངས་སྒོར་བྱེ་བ་བདུན་ལ་སླེབས་ཡོད།ལོ་རེར་རོང་འབྲོག་མང་ཚོགས་ཀྱི་ཕྱུར་བ་དང་ནས་ཉོ་བའི་ཁ་གྲངས་ནི། ལོ་རེར་ནས་ནག་ཏུན་ལྔ་བརྒྱ་དང་དྲུག་བརྒྱའི་བར་དང་། རྒྱ་མ་རེར་སྒོར་བཞི་རེ་བྱས་ནས་ཉོས་པ་ཡིན་ལ། ལོ་རེར་ཕྱུར་བ་ཏུན་སུམ་བརྒྱ་ལྷག་དང་རྒྱ་མ་རེར་སྒོར་ཉི་ཤུ་ཡས་མས་བྱས་ནས་ཉོས་པ་ཡིན་ཞིང་།  གང་ལ་གང་འཚམ་སྒོས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཡོང་སྒོ་འཕར་བའི་ཐད་རོགས་འདེགས་བྱས་པ་ཡིན།

རྔ་བ་རྫོང་གིས་སྲོལ་རྒྱུན་འདེབས་འཛུགས་དང་དེང་རབས་ཚན་རྩལ་ཟུང་དུ་འབྲེལ་ཞིང་། ནས་ཀྱི་རིག་གནས་འགྲེམ་སྟོན་ཁང་དང་ཚན་རིག་ཞིབ་འཇུག་གི་གསོ་སྤེལ་རྣམ་གྲངས་ལ་བརྟེན་ནས། མ་ལག་ལྡན་པའི་ངང་ནས་ནག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཞིབ་འཇུག་བྱས་པས། ནས་ཀྱི་ཐོན་ཚད་དང་སྤུས་ཚད་མཐོར་འདེགས་བྱུང་ཡོད། ཚན་རིག་གི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། སྲོལ་རྒྱུན་ཞིང་ལས་ལ་ཚན་རིག་གི་གཤོག་པ་ཐོགས་པར་བྱས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་མཐོ་སྒང་འབྲུ་མཛོད་ཀྱི་བདེ་འཇགས་འགོག་ར་སྲ་བརྟན་དུ་བཏང་ཡོད། དེའི་ཞོར་དུ་ནས་ཀྱི་ཐོན་རྫས་སྣ་ཚོགས་མཐོ་སྒང་ནས་བུད་དེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་མིང་བྱང་དུ་གྱུར་ཡོད། རྔ་བ་རྫོང་ནས་འབྱུང་ནས་ལས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་ལས་བཟོ་པ་ཤེར་ཆོས་ཀྱིས་བཤད་རྒྱུར།

ངས་ལོ་ལྔ་དང་དྲུག་ཡས་མས་སུ་ཀུང་ཟི་འདིའི་ནང་དུ་བྱ་བ་ལས་པ་ཡིན།ཀུང་ཟི་འདིའི་ཟླ་ཕོགས་མཐོ་ཤོས་ནི་སྒོར་སྟོང་བདུན་ནས་བརྒྱད་དང་། གསར་དུ་ཞུགས་པའི་ལས་བཟོ་པའི་ཟླ་ཕོགས་ནི་སྒོར་སྟོང་བཞི་ནས་སྟོང་ལྔ་བར་རེད། ང་ཚོའི་ཐོན་རྫས་ཀྱི་རྒྱུ་སྤུས་གྲ་དག་ཡིན་དགོས་པས། མི་རེ་རེར་རང་རང་གི་ལས་འགན་བཀོད་སྒྲིག་བྱས་ཡོད་ལ། ངས་གཙོ་བོ་ཐོན་རྫས་ལ་ནང་ཐུམ་རྒྱག་གི་ཡོད། སྤུས་ལེགས་ཤིང་གྲ་དག་པའི་ཐོན་རྫས་བཟོ་རྒྱུ་ནི་ང་ཚོའི་ལས་བཟོ་པ་རེ་རེའི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན།

མིག་སྔར་རྔ་བ་རྫོང་གིས་ནས་ནག་གཙོར་བཟུང་སྟེ་སྲོལ་རྒྱུན་གྱི་ཞིང་ལས་དང་དེང་རབས་ཚན་རྩལ། རིག་གནས་ཡུལ་སྐོར་བཅས་མཉམ་དུ་སྦྲེལ་ནས། མཐོ་སྒང་གི་གྲོང་གསེབ་དར་སྤེལ་ཐད་མིག་དཔེ་བཟང་བོ་འདོན་སྤྲོད་བྱེད་བཞིན་ཡོད། ཐོན་ལས་ཕྲེང་སྦྲེལ་ཅན་དང་ཟོང་རྟགས་ཀྱི་ཤུགས་རྐྱེན་མཐོར་འདེགས་སོང་བ་དང་བསྟུན་ནས། གསེར་མདོག་གི་ས་གཞི་ཆེན་མོ་འདིའི་ནས་ཀྱི་རིག་གནས་སྲོག་རྩ་ལས་བསྟུད་མར་དམངས་ཀྱི་འཚོ་བར་ཡར་སྐུལ་དང་། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཐུབ་ངེས་རེད།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།

ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།

སྲས་མོ་སྒྲོལ་མ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།