
— མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལག་ལེན་དངོས།
ཟླ་དགུ་པའི་མཚོ་སྔོན་གྱི་སྟོན་མགོ་མའི་ལྗོངས་བཀོད་ནི་སྒྲ་མེད་པའི་སྙན་ངག་ཅིག་དང་འདྲ་ལ། མི་རིགས་མཐུན་སྒྲིལ་ནི་སྙན་འཇེབས་གླུ་གཞས་ཤིག་དང་མཚུངས། རབ་དཀར་སྤྲིན་གྱི་ཚོམ་བུ། སྔོ་ལྗང་གཡུ་ཡི་སྤང་ཐང་། དྭངས་གཙང་གཡུ་ཞུན་མཚེའུ་སོགས་གཙང་པོའི་འབྱུང་ཁུངས་ཀྱི་ས་ཆེན་པོ་ཉམས་དགའི་མཛེས་རིས་འདྲ་ལ་ཡིད་འོང་སྙན་ཚིག་འདྲ།
རེབ་གོང་གསེར་མོ་ལྗོངས་ནས་མཚོ་སྔོན་པོའི་འགྲམ་རྒྱུད་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་སའི་བར། རྩྭ་ཐང་རྩྭ་ར་ནས་རྨ་ཙོང་ངོགས་གཉིས་བར་བཅས་སུ། ངོ་མཚར་ལྟ་ན་སྡུག་པའི་མི་རིགས་གླུ་གར་དང་། ལྟ་འདོད་ཉན་སྤྲོའི་བརྗོད་དོན་བྱེད་སྒོ། རྣམ་པ་སྣ་ཚོགས་པའི་དྲིལ་སྒྲོག་སྒྲོག་འགྲེལ་སོགས། ས་ཕྱོགས་ཀུན་ཏུ་རིགས་སོ་སོའི་མི་རིགས་རྣམས་ཕན་ཚུན་མཛའ་གཅུགས་འདང་བརྩེ་ཟབ་པའི་སྣང་བརྙན་གྱིས་ཁྱོགས་ཡོད།
རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གཏིང་ཟབ་སྒོས་བསྐྲུན།
གངས་ཅན་མཐོ་སྒང་གི་དགེ་སློབ་རྣམས་ཀྱིས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོར་འབུལ་རྡུང་རོལ་མོ་དཀྲོལ་བ་དང་། རྩྭ་ཐང་གི་རྐང་སྤོལ་ན་གཞོན་རྣམས་པེ་ཅིང་བཟོ་པའི་ལུས་རྩལ་ར་བར་བསྐྱོད་པ། མཚོ་སྔོན་གྱི་ཐུག་རིང་རྒྱལ་ཡོངས་ཀྱི་གྲོང་ཁྱེར330རུ་ཁྱབ་པ། རིགས་སོ་སོའི་བུད་མེད་རྣམས་ཀྱིས་གཙགས་པའི་གཙག་དྲུབ་དེ་ཧྲང་ཧའེ་དུས་གསར་གྱོན་གོས་དུས་སྟོན་སྟེང་མངོན་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རིགས་སྒྱུར་ལས་ཞུགས་གཞི་ཁྱོན་མི་ཐེངས་ཁྲི100ལས་བརྒལ་བ་སོགས། མཚོ་སྔོན་གྱི་མི་རིགས་སོ་སོས“ཕན་ཚུན་འགྲོ་འོང”གི་བརྗེ་རེས་ཁྲོད་དུ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཡོད།
“མི་ཁྱིམ་སྟོང་གི་གསོལ་མགྲོན་དུ། ཟས་སྣ་རེ་ལ་སོ་སོའི་ཁྱད་ཆོས་རེ་ལྡན་ལ། རིགས་སོ་སོའི་མང་ཚོགས་རྣམས་གདན་ཐོག་གཅིག་ལ་འཛོམས་ནས་ཟས་སྣ་ལོངས་སུ་སྤྱོད་ཅིང་མཐུན་སྒྲིལ་གླེང་། འཕེལ་རྒྱས་གླེང་། བསྟོད་གླུ་ཕུལ་ནས་སྐྱིད་པའི་དཔལ་ལ་རོལ།”ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་ལམ་གྱི་ཀ་ཟི་སྲང་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝེ་ཞུའེ་ཆིན་གྱིས་དེ་ལྟར་བཤད། ཉེ་ལམ། “‘ཟས་སྣ’ཞིན་ཧེ་ལམ་དུ་འཛོམས། རུ་སྐོར་ཁྱིམ་མཚེས་སྐྱིད་ལ་རོལ”ཞེས་པ་བརྗོད་དོན་ཡིན་པའི་ཙོང་ཆུའི་འགྲམ་གྱི་ཁྱིམ་མཚེས་འཆམ་མཐུན་རིག་གནས་དུས་སྟོན་སྤེལ་བ་དང་། “བྱེད་སྒོ་དང་རིག་རྩལ། དྲིལ་སྒྲོག”གི་རྣམ་པ་བརྒྱུད་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་རེ་རེ་སྡོད་དམངས་ཀྱི་སེམས་ཁོང་དུ་བཏབ་ཅིང་། གཞིས་སྡོད་མང་ཚོགས་ཀྱི“ངོས་ཟིན་ལྔ”ཇེ་དྲག་ཏུ་གཏོང་བར་རོགས་འདེགས་ནུས་ལྡན་བྱས་ཤིང་། “མཉམ་གནས་བཞི”ཡི་འདུ་ཤེས་ཇེ་དྲག་ཏུ་བཏང་།
ཀྲུང་ཧྭ་ཁྱིམ་ཚང་གཅིག མཛའ་བརྩེ་ཟབ་ཅིང་བརྟན། དུས་རབས་གསར་པའི་ཚུན་ལ། མཚོ་སྔོན་གྱི་ས་གནས་ཁག་ཏུ་ཕན་ཚུན་མཉམ་འདྲེས་ཅན་གྱི་སྤྱི་ཚོགས་སྒྲིག་གཞི་དང་སྡོད་ཁུལ་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་སྟེ། “ཁྱོད་ནི་ང་དང་འབྲེལ་ཞིང་ང་ནི་ཁྱོད་ལ་བརྟེན”པའི་ཆགས་སྟངས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ་དང་། “ཕན་ཚུན་འབྲེལ་བའི”ཁྲིད་ཕྱོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་དང་རོང་འབྲོག་ཁུལ། ལས་ཁུངས། སྡེ་ཁུལ། སློབ་གྲྭ་སོགས་སུ་རྒྱ་བསྐྱེད་དེ། རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལས་གཞི་རྣམ་གསུམ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་མང་དུ་བྲིས་ཡོད།
ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ནི་རིགས་སོ་སོའི་མི་རྣམས་ཀྱིས་སེམས་ཁ་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་སྦྲེལ་ཐག་དམ་པོ་ཡིན། མཚོ་སྔོན་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ཕྱོགས་སོ་སོས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དེ་གསར་སྐྲུན་བྱ་བའི་ཕྱོགས་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རིགས་སོ་སོའི་མི་རྣམས་ཀྱི་སེམས་ཤུགས་གཅིག་བསྡུས་དང་བློ་ཁ་གཅིག་བརྟེན་བྱེད་པར་སྐུལ་འདེད་བཏང་། རིགས་སོ་སོས་མཉམ་གནས་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་ཡོང་བའི་མཐུན་རྐྱེན་བཟང་པོ་ཧུར་ཐག་གིས་བསྐྲུན་ནས། མི་རིགས་མཐུན་སྒྲིལ་རོགས་རེས་ཀྱི་སྤྱི་ཚོགས་སྣང་ཚུལ་བསྐྲུན་ཡོད།
མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱོང་རོལ་ལས་གཞི་རེས་འགྲེམ་གྱིས་རིགས་སོ་སོའི་ཉམས་སྣང་དང་བརྗེ་རེས། འདང་བརྩེ་མངོན་པའི་གར་སྟེགས་བསྐྲུན་པ་དང་། རིགས་སོ་སོའི་རིག་གནས་འགྲེམ་སྟོན་དང་འཁྲབ་སྟོན་ཚ་འུར་གྱིས་སྤེལ་ཏེ། “ནུབ་མཚོ2261·རྨ་ཙོང་རིག་གནས་འདུ་ར”དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི“གསའ་སྲང”དེ་ཀྲུང་དབྱང་བརྙན་འཕྲིན་དུ་བསྟན་པས་འགྲུལ་པ་འདུ་གནས་ཚ་ཤོས་སུ་གྱུར།
གཞི་རིམ་དུ“དམངས་ཀྱི་གར་སྟེགས་ཆེན་མོ”ཡི་དམངས་ཕན་འཁྲབ་སྟོན་དང་། དུས་སྟོན་བྱེད་སྒོ་མང་པོ་རྩ་འཛུགས་བྱས་པ་སོགས་ལ་རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ། དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་ཡིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བ་སྔར་བས་མཐོང་རྒྱུ་ཡོད་ལ་མྱོང་རྒྱུ་ཡོད་པ་དང་ཕན་ནུས་ཡོད་པ་བཅས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་རིག་གནས་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།
རྣམ་པ་གསར་པ་དང་བྱེད་སྒོ་ཆུང་ངུ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།
“དྲིལ་སྒྲོག་ལ་བརྟེན་ནས་སློབ་པར་བསྐུལ་བ་དང་། དུས་ཆེན་ལ་བརྟེན་ནས་མཉམ་འདྲེས་ལ་བསྐུལ་བ། མཉམ་འདྲེས་ལ་བརྟེན་ནས་གཅིག་འདུས་ལ་སྐུལ་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པར་བརྗོད་དགོས།”ཉེ་ལམ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ནུབ་མཚོ་ལམ་གསའ་སྲང་རིག་གནས་ཡུལ་སྐོར“གསུམ་འདྲེས”ཁྱད་ལྡན་སྲང་ལམ་དུ་འཁྲབ་སྟོན་ཁུལ4བཙུགས་ནས། མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་མེ་ཏོག་རླངས་འཁོར་སྐོར་འཆམ་དང་། གླུ་གར་འཁྲབ་སྟོན། རྒྱ་འཆམ་འཁྲབ་སྟོན་སོགས་འཁྲབ་སྟོན་རྣམ་གྲངས23བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་ཡི་སྒོ་འཕར་ངང་གིས་ཕྱེས། དྲིལ་སྒྲོག་ཟླ་བའི་རིང་ལ། མཚོ་སྔོན་གྱི་ས་གནས་སོ་སོས་མུ་མཐུད་དུ་རྣམ་པ་སྣ་ཚོགས་པའི་བརྗོད་དོན་བྱེད་སྒོ་སྤེལ་ནས། རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ཀྱི“ངོས་ཟིན་ལྔ”ཇེ་དྲག་ཏུ་བཏང་།
འབྲས་ལྡན་སྟོན་གྱི་དུས་འདིར། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཡུལ་ཚོ་ཨོ་ཡོ་ཞོལ་མ་སྡེ་བའི་ཞིང་ཚིགས་སུ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱ་འགུལ་ཚ་འུར་གྱིས་སྤེལ་བཞིན་ཡོད་ལ། ཟི་ལིང་ཐོན་ལས་དངུལ་རྩ་མཉམ་འདྲེས་འགན་ལེན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་གོ་བདེ་ཟོར་ཡང་གི་སྐད་ཆ་ཡིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་མི་སྣའི་མཛད་རྗེས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་ལེགས་པར་བྱས་ཤིང་། ཡུལ་དངོས་མང་ཚོགས་ཀྱིས་བཏོན་པའི་ཏང་གི་དམངས་ཕན་སྲིད་ཇུས་དང་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་སོགས་ཐད་ཀྱི་གནད་དོན་ལ་སེམས་རྣལ་མས་དོགས་སེལ་བྱས། ཀུང་སི་འདིས་ད་དུང་བྱེད་ཐབས་གསར་སྐྲུན་བྱས་ཤིང་། དང་བླངས་ཞབས་ཞུ་དང་མི་རིགས་ཤེས་བྱའི་སྤྲོ་ལྡན་དྲི་བ། མི་རིགས་རྒྱན་གོས་ཐད་ཀྱི་བྱ་དགའི་འགྲན་སྡུར་སོགས་བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱས་ནས། དངོས་གནས་བྱེད་སྒོའི་ཕན་ཕྱོད་རང་བཞིན་མཐོར་འདེགས་བྱས།
“ད་ལོའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོར་དངོས་གནས་དོན་སྙིང་ལྡན། མི་རིགས་མཐུན་སྒྲིལ་ཐད་ཀྱི་ཤེས་བྱ་སློབ་ཐུབ་པར་མ་ཟད། ད་དུང་བོད་རིགས་དང་ཧོས་རིགས་ཁྱིམ་མཚེས་དང་མཉམ་དུ་ལག་ཤེས་དངོས་རྫས་བཟོ་ཐུབ་པ་བྱུང་བས། སེམས་ཐག་སྔར་བས་ཉེ་རུ་སོང་བའི་སྣང་བ་བྱུང་སོང་།”ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ལི་རེང་སྲང་ལམ་བདུན་གཅིག་ལམ་ནུབ་སྡོད་ཁུལ་གྱི་སྡོད་དམངས་ཀྲང་ཞུའེ་ལིན་གྱིས་ལག་ཏུ་ད་སོ་མ་བཟོས་པའི་ཧུའུ་ཀྲུའུ་ཧོར་རིགས་ཀྱི་གཙག་དྲུབ་གཞོང་པ་ཞིག་བཟུང་ཞིང་གདོང་ལ་འཛུམ་མདངས་རྒྱས་བཞིན་དེ་ལྟར་བཤད། འདི་འདྲའི་དྲོད་སྐྱིད་ལྡན་པའི་རྣམ་པ་ནི་མཚོ་སྔོན་གྱི་ལོ་རེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་ཁྲོད་དུ་རྒྱུན་པར་མཐོང་རྒྱུ་ཡོད།
དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བས་རྒྱུན་ཆད་མེད་པར་རྣམ་པ་གསར་སྐྲུན་བྱས་ཏེ། “ཕྱོགས་རྐྱང་པའི་དྲིལ་སྒྲོག”དེ“མཉམ་འགུལ་ཟབ་ཞུགས”སུ་འགྱུར་བ་དང་། “གཏན་འཁེལ་གནས་ཡུལ”ནས“མང་ཚོགས་ཀྱི་ཉེ་གམ”དུ་འགྱུར་བ་བྱུང་། ད་ལྟ་དྲིལ་སྒྲོག་ཟླ་བའི་རིང་ལ། མཚོ་སྔོན་གྱི་ས་གནས་སོ་སོས་ཡུལ་ཁོངས་ཁྱད་ཆོས་དང་མི་རིགས་རིག་གནས་ཟུང་འབྲེལ་བྱས་ཏེ། རིག་རྩལ་འཁྲབ་སྟོན་དང་ཤེས་བྱ་འགྲན་སྡུར། མི་རིགས་ཀྱི་ཟས་རིགས་དུས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་སོགས་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་བག་ཆགས་རིམ་འགྱུར་གྱིས་མི་རེ་རེའི་སེམས་སུ་སིམ་པར་བྱེད་ཀྱིན་ཡོད།
གྲོང་ཁྱེར་སྡོད་ཁུལ་ནས་རོང་འབྲོག་ཁུལ་བར་དང་། ལས་ཁུངས་ནས་སློབ་གྲྭའི་བར། ཁེ་ལས་ནས་དམག་སྒར་བར་སོགས་སུ། དྲིལ་སྒྲོག་ཟླ་བས“བྱེད་སྒོ་ཆུང་ངུ”ལ་བརྟེན་ནས“དྲིལ་སྒྲོག་ཆེན་པོར”སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་རེ་རེ་མི་རྣམས་ཀྱི་སེམས་སུ་མྱུ་གུ་འབུས་པར་བྱས་ཤིང་། མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་ནུས་སྟོབས་དྲག་པོ་གཅིག་ཏུ་བསྡུས་ཡོད།
ཟུར་ཚད་མང་པོས་དྲིལ་སྒྲོག་སྒྲོག་འགྲེལ་བྱས་ཤིང་། “སྲིད་ཇུས་ཀྱིས་སེམས་ཤུགས་བསྒྲིལ་བ”ལ་བརྟེན་ནས“མཐུན་སྒྲིལ་གྱི་གདངས་དབྱངས”དཀྲོལ།
“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི‘ཐབས་མཆོག’ཅིག་ཡིན་ལ། གྲོང་གསེབ་དར་སྤེལ་གྱི‘ཕྱོགས་སྟོན་ལམ་རིས’ཡིན་པ་དང་། ཏན་ཏན་ཏིག་ཏིག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་ཇུས་བཟང་པོ་ཡིན།”2025ལོའི་ཟླ2པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་སྟོང་གཞི་རིམ་དུ་སོང་སྟེ“དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ”གྱི་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཟླ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི1.2ལྷག་གིས་སྒམ་ཚུགས་དོར་ཅིང་གཞི་རིམ་དུ་སིམ་འདྲེས་བྱས་ནས། སྲིད་ཇུས་དག་རྣང་ཞིང་གི་བར་དུ་བསྐྱལ་ཞིང་ཕན་འབྲས་དངོས་མ་དེ་མི་ཁྱིམ་ཁྲི་སྟོང་དུ་བསྐྱལ་ནས། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་ལས་ལ་མགོ་ལེགས་པོ་ཞིག་དང་གོམ་ཁ་ལེགས་པོ་ཞིག་སྤོ་རུ་བཅུག་ཡོད།
“ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོ་སེམས་ལ་ཉར་ཡོད་དེ། སྲིད་ཇུས་བཟང་པོ་འདི་དག་ནི་ཚང་མས་སྔར་ལས་སྐྱིད་པའི་འཚོ་བ་རོལ་བའི་རེ་འདུན་ཡིན།”མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོ་རུ། རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་རྩྭ་ཐང་དུ་འབྲོག་པ་མང་ཚོགས་དང་ཉེ་བར་བཅར་ནས་བརྗེ་རེས་བྱས་ཤིང་། རྒྱུན་ལྡན་གྱི་ཁ་བརྡའི་རྣམ་པ་བརྒྱུད་ནས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆས་ཕྱོགས་ཡོངས་དང་ཞིབ་ཚགས་ཀྱིས་སྒྲོག་འགྲེལ་བྱས་པ་དང་། སྨན་བཅོས་རྒན་གསོ་ནས་ཞིང་སྟོབས་དམངས་ཕན་སྲིད་ཇུས་མང་པོ་དང་། མི་རིགས་མཐུན་སྒྲིལ་ནས་གྲོང་གསེབ་དར་སྤེལ། སྲོལ་ངན་ལེགས་བསྒྱུར་ནས་ཡུལ་སྲོལ་རིག་གནས་སོགས་ཐད་ཀྱི་ཏང་གི་སྐད་སྒྲ་དེ་འབྲོག་ཁུལ་གྱི་ག་ས་གང་དུ་བསྐྱལ་ཡོད།
“ཁ་རུ་ཁ་ཐུག་དང་མཉམ་འགུལ་བརྗེ་རེས་བྱེད་པ་འདི་ནི་རྣམ་པ་ཤིན་ཏུ་གསར་པ་ཞིག་ཡིན་ལ། གཞི་རིམ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་ཡང་བྱས་ཡོད་པས། ཏང་གི་གསར་སྐྲུན་གཞུང་ལུགས་རྣམས་གསལ་པོར་བརྗོད་པ་དང་གསལ་འགྲེལ་ལེགས་པར་བྱས་པས། ཀུན་གྱི་སེམས་ཁ་རུ་འབྱོར་བར་བྱས་ཡོད།”“སྲིད་གཙང་གཞུང་ལུགས་ཀྱི་དྲི་བསུང”ཞེས་པའི་ཞིང་ཆེན་རིམ་པའི་གཞུང་ལུགས་སྒྲོག་འགྲེལ་ཟོང་རྟགས་སྐོར་ཞིབ་སྒྲོག་འགྲེལ་རྨ་ལྷོ་ཚོགས་རའི་ཡུལ་དངོས་སུ། སྒྲོག་འགྲེལ་དཔུང་སྡེའི་མི་སྣ་དག་མང་ཚོགས་དང་མཉམ་དུ་བསྡད་དེ། དགོངས་དོན་སློབ་པ་དང་། སྲིད་ཇུས་ཀློག་པ། ཁ་བརྡ་བྱེད་པ་བཅས་ཀྱིས་ཡུལ་དངོས་ཀྱི་རྣམ་པར་ཤིན་ཏུ་གསོན་ཉམས་ལྡན་པ་ཞིག་རེད། 2025ལོར་ཞིང་ཆེན་སྒྲོག་འགྲེལ་དཔུང་སྡེས་སེམས་ཤུགས་བཏོན་ནས“སྲིད་གཙང་གཞུང་ལུགས་ཀྱི་དྲི་བསུང”ཞེས་པའི་ཞིང་ཆེན་རིམ་པའི་གཞུང་ལུགས་སྒྲོག་འགྲེལ་ཟོང་རྟགས་བསྐྲུན་ཏེ། སྒྲོག་འགྲེལ་གྱི་གཙོ་གནད་གསལ་འདོན་དང་། སྒྲོག་འགྲེལ་རུ་དཔུང་གསོ་སྐྱོང་། སྒྲོག་འགྲེལ་འཁྲབ་སྦྱོང་ཇེ་དྲག་ཏུ་གཏོང་བ་བཅས་བྱས། ཟླ6པ་ནས་ཟླ7པར་ཟླ་ངོ་གཉིས་རིང་གི་སྐོར་ཞིབ་སྒྲོག་འགྲེལ་བྱས་ནས། སྤྱི་ལེ4600ལྷག་ལ་སོང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་ཡུལ་གྲུ་ཀུན་ཏུ་སྒྲོག་འགྲེལ་ཐེངས15ལེགས་པར་སྤེལ་ཞིང་། ཉན་མཁན་མི4000ལ་བུད་པས། གཞུང་ལུགས་སྒྲོག་འགྲེལ་དེ་ལས་ཁུངས་དང་སློབ་གྲྭ། འབྲོག་ཁུལ། ཁེ་ལས་བཅས་སུ་བསྐྱོད་ཐུབ་པ་བྱུང་།
མཚོ་སྔོན་གྱི་ས་རྒྱ་ཆེ་བས་འབྲོག་ཁུལ་ཁ་ཤས་སུ་འགྲིམ་འགྲུལ་སྟབས་མི་བདེ། སྲིད་ཇུས་དྲིལ་སྒྲོག་བྱེད་སྐབས“ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་བསྐྱུར་བའི”ཆེད་དུ། མཚོ་སྔོན་གྱིས“རྟ་ཐོག་སྒྲོག་འགྲེལ་རུ་ཁག”དང“བུད་མེད་སྒྲོག་འགྲེལ་རུ་ཁག”“སྐད་གཉིས་སྒྲོག་འགྲེལ་ཚོགས་པ”སོགས་བཙུགས་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དྲིལ་སྒྲོག་བྱ་ཡུལ་སོ་སོར་བགོས་ཤིང་། གཞུང་ལུགས་སྒྲོག་འགྲེལ་གྱི“བསྐྱོད་པ་དགུ”ཡི་བྱེད་སྒོ་བརྒྱུད་ནས། རི་ལུང་རྩྭ་ཐང་དང་། དམངས་ཁྱིམ་ར་སྐོར། འབྲོག་པའི་སྦྲ་ནང་སོགས་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས། “གཞུང་ལུགས་དང་རིག་རྩལ། དྲ་རྒྱ། སྐད་གཉིས”གཙིགས་སུ་བཟུང་བ་དང་། སྐོར་བྲོ་དང་རྩེད་རིག མཛའ་གཞས། ཞབས་བྲོ་སོགས་ས་གནས་ཀྱི་མི་རིགས་གླུ་གར་ལ་བརྟེན་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
ད་ལྟ། མཚོ་སྔོན་གྱི་རྩྭ་ཐང་དང་རི་གྲོང་དུ། རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་རྟ་ཕོའི་རྨིག་སྒྲ་དང་སྐད་གཉིས་སྒྲོག་འགྲེལ་དཔུང་སྡེའི་སྐད་སྒྲ་དེ། ཏང་གི་ཐུགས་ཁུར་བརྒྱུད་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྐད་སྒྲ་སྙན་ཤོས་སུ་གྱུར་ཡོད། ཁྱད་ལྡན་གྱི་སྒྲོག་འགྲེལ་རུ་ཁག་འདི་དག་གིས་གོམ་ཁ་ཡིས་འགན་འཁྲི་གཞལ་ཞིང་། སྐད་བརྡ་ཡིས་སེམས་རྩ་གཅིག་ཏུ་སྦྲེལ་ནས། ཏང་གི་དམངས་ཕན་སྲིད་ཇུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་དངོས་གནས་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་བསྐྱལ་ནས། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་པའི་ཁྱིམ་གཞིས་གཏིང་ཟབ་སྒོས་བསྐྲུན་པར་ནམ་ཡང་ཆད་པ་མེད་པའི་གསོན་ཤུགས་བསྩལ་ཡོད།
ལས་ཀུན་འགྲུབ་པ་འཆམ་མཐུན་རྨང་ལ་བརྟེན། སྟོབས་ཤུགས་ཆེན་པོ་མཐུན་སྒྲིལ་དམ་པོས་བསྐྱེད། སྐྱོད་ལམ་གསར་པའི་སྟེང་དུ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་རྡང་མཉམ་སྦྲེལ་དང་ཕན་ཚུན་རོགས་རེས་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ཕན་ཚུན་རོགས་འདེགས་དང་། འཚོ་བའི་གནས་ཡུལ་ཐད་ཕན་ཚུན་མཉམ་གནས་བྱས་ལ། རིག་གནས་རྒྱུན་འཛིན་ཐད་ཕན་ཚུན་མཉམ་འདྲེས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་བྲིས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མཚོ་སྔོན་གྱི་ཡུལ་གྲུ་ཆེན་མོར་རྣམ་ཀུན་བཞད་དུ་བཅུག་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།