
མི་རིགས་སོ་སོ་མཐུན་སྒྲིལ་ཆེན་པོ་བྱ་རྒྱུ་ནི་མཚོ་སྔོན་གྱི་འགྱུར་བ་མེད་པའི་རང་མདངས་ཡིན་ལ། ས་གཞི་འདི་དར་སྤེལ་ཡོང་བའི་ནུས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ནས་ཚྭ་འདམ་གཞོང་གི་ཚྭ་མཐོའི་ཐོན་ལས་བར་དང་། གྲོང་གསེབ་དར་སྤེལ་གྱི་ཞིང་ས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྲང་ལམ་བར་དུ། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ས་གཞི་ཡོངས་སུ་བཏབ་ཡོད། རིགས་སོ་སོའི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་འབད་འཐབ་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ་མཐོ་སྒང་དུ་རྣམ་པར་བཞད་ཡོད།
སྣ་མང་དང་ཕན་ཚུན་བར་ལག་ལེན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་བཏང་།
རྩྭ་ཐང་གི་རྐང་གྲུག་གཞོན་ནུ་པེ་ཅིང་གི་མིས་བཟོས་ལུས་རྩལ་རྭ་བར་བསྐྱོད་པ་དང་། མཚོ་སྔོན་འཐེན་ཐུག་མི་སྣས་འཐེན་ཐུག་ལག་རྩལ་འཁྱེར་ཏེ་རྒྱལ་ཡོངས་སུ་བསྐྱོད་ནས། ཚོང་གཉེར་ལག་ལེན་ཁྲོད་ས་གནས་དེ་གའི་མི་དང་མཉམ་འདྲེས་ཟབ་མོ་བྱས་པས། ཡོང་འབབ་ཇེ་མང་དུ་བཏང་ཡོད་པ་མ་ཟད་མི་རིགས་བར་གྱི་མཛའ་བརྩེ་བརྒྱུད་སྤྲོད་བྱས་ཡོད། མཚོ་སྔོན་གྱི་གཙགས་དྲུབ་རྒྱུན་འཛིན་པས་རང་གི་ལག་རྩལ་འཁྱེར་ཏེ་ཧྲང་ཧེ་རྒྱལ་སྤྱིའི་དུས་གོས་གཟའ་འཁོར་དང་རྒྱལ་སྤྱིའི་འདྲེན་ཚོང་བཤམས་ཚོགས་སུ་བསྐྱོད་དེ། སྲོལ་རྒྱུན་གྱི་གཙགས་དྲུབ་དེ་མི་རིགས་མི་འདྲ་བའི་རིག་གནས་ཀྱི་འབྲེལ་ཐག་ཏུ་གྱུར་ཡོད། མཚོ་སྔོན་གྱིས་སྣ་མང་ཅན་གྱི་ལག་ལེན་ལ་བརྟེན་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འདུ་ཤེས་མི་སེམས་སུ་ཟུག་ཏུ་འཇུག་བཞིན་ཡོད།
ཐོག་མཐའ་བར་གསུམ་དུ་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་པའི་རྩ་བའི་ཐབས་ལམ་དུ་བརྩིས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ནས། རྒྱབ་སྐྱོར་སྲིད་ཇུས་བཏོན་པ་དང་སྟབས་བདེའི་ཆ་རྐྱེན་བསྐྲུན་པ། དྲིལ་བསྒྲགས་སྐུལ་སློང་རྒྱ་ཁྱབ་སྒོས་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞི་རིམ་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་། རིགས་སོ་སོའི་མང་ཚོགས་བཅས་མཚོ་སྔོན་ནས་ཕྱིར་བསྐྱོད་དེ་རྒྱལ་ཡོངས་སུ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས། ཕན་ཚུན་ཁ་འབྲལ་ཐབས་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད།
ད་ལོའི་ཟླ་བཞི་བར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རང་སྐྱོང་རྫོང་གིས་ཞིང་ཆེན་ལས་བརྒལ་བའི་མཉམ་འབྲེལ་གསར་གཏོད་དང་ཐུན་མོང་འཛུགས་སྐྲུན་གྱི་སྒྲོམ་གཞིའི་གྲོས་མཐུན་མིང་རྟགས་བཀོད་ནས། མི་རིགས་ཀྱི་མཛའ་བརྩེ་དང་མི་རིགས་ཀྱི་ལས་དོན་བརྩོན་པའི་འབྱུང་འགྱུར་གསར་པ་མཉམ་དུ་གླེང་བཞིན་ཡོད།
ཧུའུ་ཀྲུའུ་རྫོང་གིས“ཏང་འཛུགས་སྐྲུན་མནའ་འབྲེལ”དང་དཔའ་རིས་རྫོང་མཆོད་རྟེན་ཐང་གྲོང་རྡལ་སོགས་ཁྱིམ་མཚེས་གྲོང་རྡལ་དང་ཟུང་འབྲེལ་བྱས་ནས། དུས་བཅད་ལྟར་ཕན་ཚུན་འཚམས་འདྲི་དང་བརྗེ་རེས་ལ་ཤུགས་སྣོན། ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང་། མཉམ་དུ་ཡར་རྒྱས་ཡོང་བ་བཅས་བྱ་རྒྱུ་རེད། ས་གནས་གཉིས་ཀྱི་མང་ཚོགས་ཀྱི་རིག་གནས་བརྗེ་རེས་བྱ་འགུལ་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་། དམངས་སྲོལ་རིག་གནས་དུས་ཆེན་མཉམ་འབྲེལ་སྒོས་སྒྲུབ་པ་དང་ཕན་ཚུན་གྱི་སྲོལ་རྒྱུན་དུས་སྟོན་བྱ་འགུལ་ལ་ཟབ་ཞུགས་བྱས་པ་བརྒྱུད་དེ། ས་གནས་གཉིས་ཀྱི་སྲོལ་རྒྱུན་གྱི་རྒྱན་གོས་དང་ཁྱད་ལྡན་ཟས་རིགས། ཁྱད་ཆོས་ལྡན་པའི་བཟོ་རྩལ་ཐོན་རྫས་སོགས་འགྲེམ་སྟོན་བྱས་ནས། ས་གནས་གཉིས་ཀྱི་མང་ཚོགས་ཀྱི་རྒྱུས་ལོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་།
ཤར་ནུབ་རྒྱུད་མཉམ་ལས་ནི་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 2016ལོའི་ཚུན་ལ། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་མཉམ་འབྲེལ་རོགས་སྐྱོར་མ་ལག་བཙུགས་ནས། ཐོན་ལས་མཉམ་རྒྱལ་དང་སྟེགས་བུ་མཉམ་སྤྱོད། བརྩེ་སེམས་གཅིག་སྦྲེལ་བཅས་འཕེལ་རྒྱས་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན། ཐོན་ལས་ཐད། ཁྱད་ལྡན་འདེབས་འཛུགས་དང་། འཐེན་ཐུག་ངལ་ལས། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལས་གཞི་ཉིས་བརྒྱ་ཞེ་དགུ་ལག་བསྟར་བྱས་པ་དང་། རོགས་སྐྱོར་ཐོན་ལས་གླིང་བཅུ་གཉིས་མཉམ་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཞིང་། ནུབ་ཟོག་ཤར་འདྲེན་ལ་བརྟེན་ནས་ཉོ་ཚོང་ཐབས་ལམ་རྒྱ་བསྐྱེད་པ་དང་། མཚོ་ཤར་གྱི་ཐོན་རྫས་རིགས་བདུན་ཅུ་ལྷག་ཝུའུ་ཞི་ཁྲོམ་ར་བཀྲམ་ནས། 2024ལོའི་འཛད་སྤྱོད་རོགས་སྐྱོར་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཉིས་ལ་སླེབས། རིག་གནས་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སུ། ས་གནས་གཉིས་ཀྱིས་མི་རིགས་མང་པོའི་རིག་གནས་སྐྱེད་སྲིང་བྱེད་པའི་མཉམ་འབྲེལ་དཔེ་སྟོན་ཁུལ་བཙུགས་པ་དང་། རིག་གནས་ལུས་རྩལ་འགྲན་སྡུར་དང་། རིག་རྩལ་མཉམ་འགུལ་འཁྲབ་སྟོན་སྤེལ་ཞིང་། རྨ་ཙོང་རིང་མོ་སོགས་སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱས་ཏེ། རིག་གནས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ལ། སློབ་གྲྭ་དང་སྨན་ཁང་གིས་སྦྲེལ་མཐུད་རོགས་སྐྱོར་བྱས་པ་དང་། ལས་བྱེད་འཇོན་མི་ཕན་ཚུན་བརྗེ་རེས་བྱས་ནས། མཚོ་ཤར་གྱི་ཐོབ་ཐང་ཡོད་པའི་མི་སྣས་ཝུའུ་ཞི་རུ་འཐེན་ཐུག་ཁང་བཞི་བརྒྱ་ཉེར་བརྒྱད་ཕྱེས་ཤིང་ལས་བཟོ་པ་སྟོང་གཅིག་དང་བདུན་བརྒྱ་ལས་གཉེར་བྱས་པས། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས།
འཕེལ་རྒྱས་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་དང་ཡུན་རིང་བདེ་འགོད་ཀྱི་ལེའུ་བྲིས།
ཉེ་ལམ། ཧྲང་ཧེ་དང་མཚོ་སྔོན་གྱི་མཛའ་བརྩེ་རུམ་པའི་ཁྱད་ལྡན་ཐོན་ལས་ཁྱབ་གདལ་བྱ་འགུལ་དེ་ཧྲང་ཧེ་གྲོང་ཁྱེར་ཁྲང་ཉིན་ཆུས་སུ་སྤེལ། ཟླ9པའི་ཚེས4ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་དང་ཧྲང་ཧེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་གིས་ལག་རྡང་སྦྲེལ་ཏེ། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་རིགས་བརྒྱ་དང་ལྔ་བཅུ་ལྷག་ཧྲང་ཧེའི་གྲོང་མིའི་མིག་མདུན་དུ་བཤམས། བྱ་འགུལ་སྤེལ་བའི་ཡུལ་དངོས་སུ། མཚོ་སྔོན་གྱི་རྩམ་པའི་དྲི་ཞིམ་དང་ལག་ཤེས་བོད་གདན་བཟོ་རྩལ་གྱིས་གྲོང་མི་རྣམས་ཀྱིས་ཉམས་ལེན་བྱེད་པའི་མིག་དབང་བཀུག མཛེས་པའི་རི་ཀླུང་དུ་ཉུལ་ཞེས་པའི་རྩྭ་ཐང་གི་སྤྲོ་གསེང་ཁུལ་དང་གཟུགས་འདས་ཤུལ་བཞག་ལག་ཤེས་བཟོ་རྩལ་ཉམས་ལེན་ཁུལ་དུ། ཚང་མས་མཐོ་སྒང་གི་མཛེས་པ་ཉམས་སུ་མྱངས་པ་དང་། བོད་པའི་གླུ་གར་འཁྲབ་སྟོན་གྱིས་ཡུལ་དངོས་རྣམ་པ་སྔར་ལས་ཛ་དྲག་ཏུ་བསྒྱུར་ཡོད། བྱ་འགུལ་སྤེལ་སྐབས་སུ། མི་ཐེངས་ཁྲི་གཅིག་ལྷག་ཟབ་ཞུགས་བྱས་པ་དང་། དྲ་ཐོག་དང་ཡུལ་དངོས་ཀྱི་ཉོ་ཚོང་ཡོང་འབབ་ཀྱིས་ཟིན་ཐོ་གསར་བ་བཀོད་དེ། མགོ་ལོག་གི་ཁྱད་ལྡན་ཐོན་ལས་ཀྱིས་འབྲི་ཆུའི་ཟུར་གསུམ་ཁྲོམ་རའི་སྒོ་འབྱེད་པར་ནུས་པ་ཅི་ཡོད་བཏོན།
འདི་ནི་ཧྲང་ཧེ་དང་མཚོ་སྔོན་མཉམ་འབྲེལ་བྱས་པ་ཐེངས་དང་པོ་མིན། 2010ལོ་ནས་བཟུང་། ཧྲང་ཧེ་ཡིས་ཁྱོན་བསྡོམས་མཚོ་སྔོན་རོགས་སྐྱོར་ལས་གཞི་སྟོང་ལྷག་ལག་བསྟར་བྱས་པ་དང་། “ཧྲང་ཧེ་དང་མགོ་ལོག་གི་སྤུས་ལེགས་ཐོན་རྫས”ཀྱི་ཚོང་རྟགས་ནི་ཚོང་ལས་འཁོར་རྒྱུག་གི་ཚད་གཞི་བཟོ་བ་དང་། ཁྲོམ་ར་ཅན་གྱི་ཟབ་སྦྱོང་སྤེལ་བ་ལ་བརྟེན་ནས། མགོ་ལོག་གི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་དང་། མཐོ་སྒང་གི་སྤུས་ལེགས་ཐོན་རྫས་རིམ་བཞིན་གྲོང་ཁྱེར་མང་བོར་བསྐྱོད་པར་རོགས་སྐྱོར་བྱས་ཡོད།
མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་དུ། འཕེལ་རྒྱས་ཀྱི་གཏམ་རྒྱུད་མང་བོ་ཡོད། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་བསྐྲུན་བྱེད་པ་དེ་སྤུས་གསར་ཐོན་སྐྱེད་ནུས་པ་གསོ་སྐྱོང་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་དང་འགུལ་སྤྱོད་ལམ་ཐིག་ཏུ་བཟུང་སྟེ། འབྲོག་པ་མང་ཚོགས་འབུམ་གཅིག་ཁྲི་བཞི་སྟོང་དྲུག་ལྷག་གིས་འུར་ཆ་སྐྱུར་ནས། དོ་དམ་སྲུང་སྐྱོབ་ཀྱི་ཡོ་བྱེད་བཟུང་ཏེ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་བྱས་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་མེལ་ཚེ་བར་གྱུར། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་ལ། ཐོན་ལས་ཀྱི་ཐོན་ཚད་ཐེར་ཆེན་ལྔ་དང་ཐེར་འབུམ་བརྒྱད་ལྷག་ལ་སླེབས་ཡོད། ཅ་ལུད་ཀྱི་ཐོན་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི77ཟིན་པ་དང་། ཀྲུང་གོའི་འབྲུ་མཛོད་སྲུང་སྐྱོབ་དང་ནུས་ཁུངས་གསར་བའི་འདེགས་སྐྱོར། རྒྱུ་ཆ་གསར་བའི་འཕེལ་རྒྱས་བཅས་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་བཞིན་ཡོད། དག་གཙང་ནུས་ཁུངས་ཀྱི་སྒྲིག་ཆས་ཀྱིས་བརྒྱ་ཆའི94.6ཟིན་ལ། མཚོ་སྔོན་ལྗང་མདོག་གློག་ནུས་ཀྱིས་ལེ་དབར་སྟོང་གི་ཆོད་པའི་པེ་ཅིང་ཏ་ཞིན་གནམ་ཐང་གི་གློག་སྒྲོན་བཀར་ཡོད་པ་དང་། ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་དྲོད་ཁོལ་སྦྱིན་ཡོད། རྨ་འབྲུ་རྫ་གསུམ་གྱི་འབྱུང་ཡུལ་ཉུལ་བའི་ཡུལ་སྐོར་དང་། གངས་རིའི་གསང་བ་འཚོལ་བའི་ཡུལ་སྐོར་སོགས་ཀྱི་ལམ་ཐིག་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས། “རབ་མཛེས་མཚོ་སྔོན”ཞེས་པའི་མིང་རྟགས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་པར་བྱས་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཐོ་སྒང་ཙམ་མ་ཡིན་པར་གང་སར་ཁྱབ་ཡོད། མཚོ་སྔོན་རྒྱལ་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ལྡན་འཕང་འབྲས། ཆུ་འཁྱག་ཉྭ་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་རུ་གྱུར་ཡོད། ཐོན་རྫས་སྤུས་ལེགས་ཡིན་པས་རྒྱལ་ནང་གི་འཛད་སྤྱོད་པ་མང་བོའི་དགའ་བསུ་ཐོབ་ཡོད།
མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ནི་མི་རིགས་ས་ཁུལ་བཅོས་སྐྱོང་བདེ་འགོད་ཀྱི་དངོས་བོའི་རྨང་གཞི་རུ་བཟུང་སྟེ། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མཚོ་སྔོན་རོགས་སྐྱོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སོགས་ཀྱི་འཆར་འགོད་དོན་འཁྱོལ་བྱས་ཏེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྲུང་སྐྱོབ་གང་ལེགས་བྱས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་མཉམ་དུ་སྤུས་གསར་ཐོན་སྐྱེད་ནུས་པ་གསོ་སྐྱོང་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱས་པ་དང་། སྐྱེ་ཁམས་དང་དཔལ་འབྱོར་ཟུང་འབྲེལ་དང་། དམངས་ཚིས་དང་བརྟན་བརླིང་ཟུང་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
དམངས་ཚིས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་དང་མཐུན་སྒྲིལ་ཀྱི་བརྟན་འཇགས་རི་མོར་བྲིས།
སྟོན་ཀའི་མགོ་ལོག་དཀོན་ལོ་གོང་མ་སྡེ་བའི་ག་ས་གང་དུ་བདེ་སྐྱིད་ཀྱི་དཔལ་གྱིས་ཁེངས་ཡོད་ལ། སྔོན་ཆད་གཞིས་སྡོད་ཆ་རྐྱེན་ཞན་ལ་འཚོ་བར་དཀའ་ཁེག་ཆེ་བའི་སྡེ་གྲོང་འདི། ད་ལྟ་མདའ་འཕང་པ་ལྟ་བུའི་གཞུང་ལམ་གང་སར་འཐེན་ཡོད་པར་མ་ཟད། ལམ་འགྲམ་གྱི་གློག་འོད་ཀྱིས་སྨག་གནག་པའི་མཚན་གོང་དུའང་སྡེ་གྲོང་འདི་འོད་ལམ་ལམ་བྱེད། གྲལ་དག་པའི་གྱོ་མོག་དང་ཤིང་སྒོ་ཅན་གྱི་སྡོད་ཁང་སོགས་ག་ས་གང་དུ་རྣམ་པ་གསར་བ་ཞིག་མངོན་ཡོད།
དཀར་ལ་གསལ་བའི་སྒེའུ་ཁུང་དང་གྲལ་དག་པའི་སྒོ་ར། འབྲོག་པ་བསོད་ནམས་ཚེ་རིང་གི་ཁྱིམ་ནི་སྡེ་བའི་འགྱུར་ལྡོག་གི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཡིན། བསོད་ནམས་ཚེ་རིང་གིས་སྔོན་ཆད་ཀྱི་སྡོད་ཁང་ས་ཁང་ཡིན་ཞིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་ཕྲག་འགའ་ཡོད་ལ། ལམ་མི་བཟང་བར་མ་ཟད། ཆུ་དང་གློག་ཡང་མེད། ད་ལྟ་སྡོད་ཁང་གསར་པའི་ནང་སྤར་ཏེ་ཆུ་གློག་ལམ་གསུམ་འཛོམས་པ་མ་ཟད། བྱིས་པ་སློབ་གྲྭ་སྐྱེལ་བ་དང་ཁྱིམ་མི་སྨན་པར་སྟོན་པ་སོགས་ཕྱོགས་གང་ཅིའི་ཐད་ཧ་ཅང་སྟབས་བདེ་རེད་ཅེས་འཚོ་བའི་འགྱུར་ལྡོག་གླེང་བྱུང་། འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བཞིན་པའི་བསོད་ནམས་ཚེ་རིང་ཚང་ལ་ལུག་བརྒྱ་དང་ནོར་སུམ་ཅུ་ཡོད་པ་ལས་གཞན། ད་རུང་སྡེ་བའི་ནང་གི་སྐྱེ་ཁམས་ཡུལ་སྐོར་དགེ་མཚན་ལ་བརྟེན་ཏེ། རང་ཁྱིམ་གྱི་སྒོ་ཁ་ནས་ཚོང་ཁང་ཕྱེ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་ཡོད།
དཀོན་ལོ་གོང་མ་སྡེ་བའི་འཕོ་འགྱུར་ནི་མཚོ་སྔོན་གྱི་དཔེ་མཚོན་ལྟ་བུ་ཞིག་མིན་པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྔོན་ཆད་ཕྱུགས་ཟོག་འཚོས་ནས་འཚོ་བ་རོལ་བཞིན་པའི་འབྲོག་པ་རྣམས་ཀྱིས་ད་ལྟ་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད་པ་དང་། ཚྭ་མཚོའི་མཐའ་འཁོར་གྱི་སྡེ་བ་དག་གི་མང་ཚོགས་རྣམས་ཀྱིས་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དང་འགྲོགས་ནས་བཟོ་གྲྭའི་ནང་ཞོར་ལས་ལ་འགྲོ་བ་དང་ཐོན་ལས་སྦྲེལ་ཐག་ནང་ཞུགས་ཏེ། རང་ཁྱིམ་གྱི་ཉེ་འགྲམ་ནས་ལས་ཞུགས་བྱས་ནས་ཡོང་འབབ་འཕར་སྣོན་ཡོང་བ་མངོན་འགྱུར་བྱས་ཡོད། རྨ་ཙོང་རིང་མོའི་མཐའ་འཁོར་གྱི་སྔོན་ཆད་ཀྱི་དབུལ་ཕོངས་སྡེ་བ་རྣམས་ཀྱིས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ཏེ། ཡུལ་སྐོར་པ་རྣམས་ཀྱིས་དགའ་བསུ་ཐོབ་པའི་གནས་མཆོག་ཏུ་གྱུར་ཡོད་ལ། སྡེ་མི་རྣམས་ཀྱིས་ལག་ཤེས་བཟོ་རྩལ་དང་ངལ་རྩོལ་ལ་བརྟེན་ནས། སྔར་ལས་འབྱོར་ཕྱུག་གི་འཚོ་བ་རོལ་བཞིན་ཡོད།
འདི་ལྟ་བུའི་འགྱུར་ལྡོག་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་སྒོས་དམངས་ཚིས་བརྟན་བསྲུང་བྱས་པ་དང་འབྲེལ་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་འཚོ་བ་ཕྱུག་འགྱུར་དང་མི་སེམས་གཅིག་བསྡུས་བྱེད་རྒྱུ་དེ་གོ་གནས་གཙོ་བོར་བཞག་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྡུད་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ནས། ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་ཚིས་རིགས་ཆེན་པོ་བཅུ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་།
དཀོན་ལོ་གོང་མ་སྡེ་བ་ནས་མཚོ་སྔོན་གྱི་ས་ཁུལ་སོ་སོའི་མི་རིགས་ཁག་གི་མང་ཚོགས་ཀྱི་གདོང་གི་བརྩེ་བའི་འཛུམ་མདངས་ལས་ཏང་གི་དྲིན་ཤེས་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་རྒྱུ་དེ་ཚང་མའི་ཐུན་མོང་གི་སེམས་འདུན་དུ་གྱུར་ཡོད་པ་གསལ་བོར་རྟོགས་ཐུབ་ལ། ཐུན་མོང་གི་སེམས་འདུན་དེ་ཡིས་མཐོ་སྒང་གི་བདེ་སྐྱིད་ཀྱི་རི་མོ་སྔར་ལས་བཀྲག་མདངས་ལྡན་པར་བྱས་ཡོད།
ཤ་བོ་རིན་མཚོ་དང་ལྷ་མོ་འཚོ། ཁོན་ཐར་དབང་རྒྱལ། ལྷ་མོ་ཚེ་རིང་བཅས་ཀྱིས་བསྒྱུར།