
ཉེ་ལམ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་སྟག་ཚང་ཡུལ་ཚོ་སྟག་ཚང་སྡེ་བར་སོང་བ་ན། ཞོགས་པའི་སྨུག་རླུང་འཐིབས་ཤིང་སྟོན་ཁའི་སེར་བུ་འཁྱགས་སིབ་སིབ་ཏུ་གནས། སྟག་ཚང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀོ་ཧྲེན་ཧྥུ་ཡིས་ཕྱི་ལྭ་མཐུག་པོ་ཞིག་གོན་ནས་ཉིན་རྒྱུན་ལྟར་སྔ་མོ་ནས་ཐད་ཀར་སྡེ་བའི་གཞུང་ལམ་ལས་སར་སོང་།
ཁོས་བདེ་སྲུང་ཞྭ་མོ་གོན་རྗེས་བྱང་ཆ་དོད་པའི་སྒོ་ནས་བྲེལ་འཚུབ་ཀྱིས་ཁེངས་པའི་ལས་ཀ་པའི་དཔུང་ཁག་ཁྲོད་ཞུགས། མཚམས་རེར་ལུས་པོ་བསྒུར་ནས་རང་འབབ་ཆུ་སྦུག་འཐེན་པའི་མཐུད་མཚམས་ཞིབ་ཚགས་ཡིན་མིན་ལ་ཞིབ་བཤེར་བྱེད་པ་དང་། མཚམས་རེར་ཡར་འགྲེངས་ནས་ལས་ཀ་པ་རྣམས་ལ་ལམ་འགྲམ་གྱི་འཛུགས་སྐྲུན་གད་སྙིགས་གཙང་སྦྲ་བྱེད་དགོས་པའི་མངགས་བཅོལ་བྱས། ཀོ་ཧྲེན་ཧྥུའི་ཅུང་འགགས་པའི་སྐད་སྒྲ་དེ་འཕྲུལ་འཁོར་གྱི་འུར་སྒྲའི་ཁྲོད་གསལ་པོར་ཐོས་ལ། ཞོགས་པའི་ཉི་ཟེར་འཕྲོས་མ་ཐག་ནས་ཉི་མ་མཁའ་དབྱིངས་སུ་འཕགས་རག་བར་དུ་ཁོས་ལས་གཞི་ལག་བསྟར་གྱི་དཀའ་གནད་མཐུན་སྦྱོར་བྱེད་པ་དང་གཞིས་ཆགས་ཁོར་ཡུག་གི་བཅོས་སྐྱོང་ལ་ལྟ་སྐུལ་བྱེད་པ་ནི་ད་ལོའི་འགྱུར་བ་མེད་པའི་ཉིན་རྒྱུན་གྱི་ལས་ཀར་གྱུར་ཡོད།
ཡུན་རིང་ཞིག་ལ་ཡུལ་ཚོ་ཡོངས་ཀྱི་གཞུང་ལམ་གྱི་གནས་སྟངས་ནི་ལྗིད་ཏིག་ཏིག་གི་ཕ་བོང་ཆེན་པོ་ཞིག་དང་འདྲ་བར་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར། བརྐོ་དུང་མང་བའི་ལམ་ངོས་སུ་ཆར་དུས་འདམ་གྱིས་ཁེངས་ཤིང་ཐན་དུས་ས་རྡུལ་གང་སར་འཁོར་བས། ལམ་ཁར་འགྲོ་བའམ་ཡང་ན་བྱིས་པ་སློབ་གྲྭར་སྐྱེལ་བ་གང་ཡིན་རུང་མིའི་སེམས་སུ་སྐྱོ་སྣང་ཞིག་སྦྱིན་སྲིད། སྡེ་མི་རྣམས་ཀྱིས་སྡེ་བའི་གཞུང་ལམ་གླེང་དུས་ནམ་ཡང་ཚང་མས་མགོ་བོ་ཐད་དུ་གཡུགས་ནས་སྨྲེ་ངག་འདོན་པ་དང་། ཚང་མར་ལམ་དེ་ལེགས་པོར་ལས་ན་ཅི་མ་རུང་སྙམ་པའི་རེ་བ་ཆེ།
ད་ལོའི་ཟླ3པའི་ནང་གནས་ཚུལ་ལ་འགྱུར་ལྡོག་བྱུང་། སྟག་ཚང་ཡུལ་ཚོས་ཏང་འཛུགས་སྣེ་འདྲེན་གྱི་གཙོ་ཐིག་འདི་ལ་དམ་པོར་སྦྲེལ་བ་དང་། སྟག་ཚང་དང་ཏན་ཀྲུང་། ཏ་ཅ་ཡན། འགན་རྩ་བཅས་སྡེ་བ4ཡི་གཞིས་ཆགས་ཁོར་ཡུག་ལེགས་བསྒྱུར་ཐད་མིག་དབང་གཏད་ལ། ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་ལྷག་བཏང་ནས་སྡེ་ལམ་སྣུམ་བསྒྱུར་དང་གྲམ་པ་བཅོས་སྐྱོང་། གཞིས་ཆགས་ཆ་རྐྱེན་ལེགས་བསྒྱུར་སོགས་ཀྱི་དམངས་ཚིས་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས། ལས་གཞི་དེ་དག་ནི“དུས་ཀྱི་ཆར་བ”དང་འདྲ་བར་ས་གཞི་དེ་བརླན་པར་བྱས།
སྡེ་ལམ་སྣུམ་བསྒྱུར་གྱི་གོ་རིམ་ཁྲོད་དུ་ལས་གཞི་ལག་བསྟར་རུ་ཁག་གིས་ལས་གཞི་ལག་བསྟར་བྱེད་དཀའ་བ་དང་དུས་ཚོད་ཉུང་བ་སོགས་ཀྱི་དཀའ་ཁག་ཁྱད་དུ་བསལ་ནས། མཇུག་མཐར་ཡར་སྔོན་འདམ་གྱིས་ཁེངས་པའི་ས་ལམ་དང་གས་སྐྱོན་བྱུང་བའི་ཟེགས་ལམ་དེ་ངོས་སྙོམས་ཤིང་ཁོད་ཡངས་པའི་སྣུམ་ལམ་དུ་བསྒྱུར། སྤྱིའི་རིང་ཚད་ལ་སྤྱི་ལེ21ཡོད། ལམ་དེས་ཏན་ཀྲོང་དང་ཏ་ཅ་ཡན། འགན་རྩ། སྟག་ཚང་བཅས་སྡེ་བ4པོ་གཅིག་ཏུ་སྦྲེལ་ཡོད་པར་མ་ཟད། མང་ཚོགས་ཀྱི“འགྲོ་བསྐྱོད་དཀའ་བའི”གནད་དོན་རྩ་བ་ནས་ཐག་བཅད།
“སྔོན་ཆད་སྡེ་བའི་གཞུང་ལམ་ལ་བརྐོ་དུང་མང་བས་ཆར་བ་བབས་ཚེ་ལམ་གང་བོ་འདམ་ཡིན་པས། འདམ་ནང་དུ་སྤོས་ནས་འགྲོ་དགོས། ད་ལྟ་དེ་ལྟར་མིན་པར་སྡེ་བའི་གཞུང་ལམ་གཙང་ལ་ངོས་སྙོམས་པས། གློག་འཁོར་ལ་བཞོན་ནས་འགྲོ་བ་དང་རླངས་འཁོར་བསྐོར་ནས་སོང་ཆོག་པས་སྟབས་བདེ་རེད”ཅེས་སྟག་ཚང་ཡུལ་ཚོ་ཏན་ཀྲུང་སྡེ་བའི་སྡེ་མི་ཡེ་ཤེས་ནོར་བུ་གསར་དུ་ལས་པའི་སྣུམ་ལམ་སྟེང་དུ་འགྲེངས་ཏེ་དགའ་སྤྲོའི་ངང་དེ་ལྟར་བཤད། ནག་ཀྲིག་ཀྲིག་གི་ལམ་ངོས་སུ་ཁོས་མ་འོངས་པའི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་བ་འཆར་ཡོད་པ་དང་མཚུངས།
དེ་དང་མཉམ་དུ། གྲམ་པ་བཅོས་སྐྱོང་བཟོ་འགོད་ཀྱང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལག་བསྟར་བྱས། ལས་ཀ་པ་རྣམས་ཀྱིས་སྡེ་བའི་གྲམ་པར་ཁྱོན་ཡོངས་ནས་གཙང་བཤེར་བྱས་པ་སྟེ། ཆུ་ནང་གི་འདམ་བག་རེ་རེ་བཞིན་བསྔོགས་ནས་གྲམ་པའི་གད་སྙིགས་གཙང་བཤེར་བྱས་པ་དང་། ཆུ་ལོག་གི་བཞུར་ལམ་འགགས་པ་དང་ཆུ་རགས་སྲ་མོ་མིན་པ་སོགས་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་ནས། ཡུལ་ཁོངས་ཀྱི་ཞོད་འགོག་བདེ་འཇགས་འགོག་རགས་བརྟན་པོར་བཏང་།
གཞིས་ཆགས་ཁོར་ཡུག་ལེགས་བསྒྱུར་གྱི་ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། ཏང་ཡོན་ལས་བྱེད་པས་མདུན་མཆོང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྱིམ་ཚང་རེ་རེར་སོང་སྟེ་འཚམས་འདྲི་དང་སྲིད་ཇུས་དྲིལ་སྒྲོག་བྱས་ལ། མང་ཚོགས་ཀྱི་དགོས་མཁོར་ཉན་ནས། སྡེ་མི་རྣམས་ལ་བསྒྱུར་བཅོས་གོ་རིམ་ཁྲོད་འཕྲད་པའི་དཀའ་གནད་སེལ་རོགས་བྱས།
དེ་ལས་གཞན། སྡོད་ཁང་སྲ་བསྒྱུར་དང་བསྒྱུར་བཅོས་བྱེད་པ་དང་འཐུང་ཆུའི་སྦུག་ལམ་ཞིག་གསོ་དང་གསར་བརྗེ་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པས་སྡེ་བའི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་།
“སྣུམ་ལམ་ཁྱིམ་ཚང་གི་སྒོ་ཁའི་བར་དུ་ལས་ཡོད་པས་སོང་ན་སྟབས་བདེ་བར་མ་ཟད་ང་ཚོའི་འཚོ་བའང་དེ་དང་བསྟུན་ནས་ཇེ་སྐྱིད་དུ་གྱུར།”ཏ་ཅ་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་བཀྲ་ཤིས་ཀྱིས་ད་ལྟའི་གཞུང་ལམ་དུ་རླངས་འཁོར་ཤར་མར་རྒྱུག་ཆོག་ལ་ཟོང་འཁོར་ཀྱང་སྡེ་འདབས་བར་དུ་བསྐོར་ཐུབ་པས། དངོས་ཟོག་ཉོས་ཡོང་ན་སྟབས་བདེ་བར་མ་ཟད་ནོར་ལུག་འདྲུད་པར་ཡང་སྟབས་བདེ་བས། གསོ་སྤེལ་གོང་སྤེལ་གྱི་ཡིད་ཆེས་སྔར་ལས་ཇེ་ཆེར་གྱུར་ཡོད་ལ་འཚོ་བའི་རེ་ལྟོས་ཀྱང་ཇེ་ཆེར་སོང་ཡོད།
ཡར་སྔོན་གཞུང་ལམ་མི་ལེགས་པས་ནོར་ལུག་འཚོང་བ་དང་དངོས་ཟོག་སྐྱེལ་འདྲེན་གྱི་མ་རྩ་མཐོ་ལ་ཟད་གྲོན་ཆེ་བ་དེས་རང་ཡུལ་གྱི་གསོ་སྤེལ་ལས་རིགས་ཀྱི་གོང་འཕེལ་སྦས་ཤུགས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། ད་ལྟ། ཁོད་ཡངས་ལ་ངོས་སྙོམས་པའི་སྣུམ་ལམ་རེ་རེ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་པ་དང་བསྟུན་ནས། ཟོང་འཁོར་ཐད་ཀར་སྡེ་བའི་འདབས་དང་ཕྱུགས་ཁང་གི་འགྲམ་དུ་བསྐོར་ཐུབ་པས། སྔོན་ཆད་ཀྱི་སྡེ་མི་རྣམས་ལ་འཕྲད་པའི་སྐྱེལ་འདྲེན་གྱི་དཀའ་ཁག་དེ་རྩ་བ་ནས་བསལ་ཡོད། རྨང་གཞིའི་སྒྲིག་བཀོད་གསར་པར་གྱུར་པ་དེས་ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡབ་ལྷག་གིས་འཕར་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བསྟུད་མར་ཇེ་མཐོར་བཏང་ཡོད། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དེ་དག་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་ཐོན་པ་ཡིན་ལ། ཏང་ཡོན་ལས་བྱེད་པས་དཀའ་སྡུག་འབད་བརྩོན་བྱས་པར་ཡང་རག་ལས་ཡོད་ཅེས་སྡེ་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བཤད།
གཞུང་ལམ་སྲ་བསྒྱུར་ནས་གྲམ་པ་བཅོས་སྐྱོང་བར་དང་། གཞིས་ཆགས་ཁོར་ཡུག་དག་ཐེར་ལེགས་བཅོས་ནས་ཐོན་ལས་འཆར་འགོད་ཀྱི་ཁྱབ་སྟངས་བར་གྱི་བྱ་བ་རེ་རེའི་རྒྱབ་ལོག་ཏུ། ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་བྱས་པ་དང་ཏང་ཡོན་ལས་བྱེད་པས་ཧུར་བརྩོན་གྱིས་དངོས་འབེབས་བྱས་པའི་རྒྱབ་གཟུགས་དེ་དག་ཡོད། ཏང་འཛུགས་སྐྲུན་ནི་སྤྱི་མཚན་གྱི་མཚན་ཉིད་ཙམ་མིན་པར། ཆུ་ལོག་གི་བཞུར་ལམ་སེལ་བའི་གྲམ་པ་དང་བསྣོལ་ཞིང་མཛེས་པར་ཆགས་པའི་ཞིང་པའི་སྤྲོ་སྐྱིད་ཁང་དང་། སྡོང་བོའི་གསེང་དང་མེ་ཏོག་གི་ཚལ་དུ་ཆགས་པའི་ལྷིང་འཇགས་དེ་དག་རེད།
ཕྱིར་སོང་ན་སྣུམ་ལམ་ཡངས་མོ་དང་། མགོ་དགྱེས་ན་རྣམ་པ་གསར་པ་རེད། ད་ལྟ་སྟག་ཚང་ཡུལ་ཚོ་རུ་རྐང་ཐང་དུ་སོང་ན་ཡུལ་ཚོའི་ངོ་གདོང་གསར་པ་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་དང་ཡུལ་སྲོལ་དཔལ་ཡོན་གསར་པ་ཆགས་ཡོད། བཅོས་སྐྱོང་ཕན་ནུས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་བ་དང་། ཏང་འཛུགས་སྐྲུན་གྱིས་མཉམ་སྟོབས་དྲག་པོ་གཅིག་ཏུ་བསྡུས་པས། སྟག་ཚང་ཡུལ་ཚོའི་སྐྱེ་ཁམས་བཟང་བའི་གཞིས་ཆགས་ལ་འཚམ་པ་དང་ཡུལ་སྲོལ་དཔལ་ཡོན་དང་ལྡན་པ། བཅོས་སྐྱོང་ལ་ཕན་འབྲས་ཐོན་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་འཆམ་མཛེས་གྲོང་གསེབ་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་བཞིན་ཡོད།