
བསྟུད་མར་ཉིན་ཤས་རིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། ཚང་མས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ངེས་པ་དོན་གྱིས་གཅིག་གྱུར་ཡོང་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་ལོ་ལྔ་བ་དང་པོ་ཡིན། ཚང་འཛོམས་གྲོས་ཚོགས་སྟེང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་བརྟན་པོ་གསར་པ་སྤོས་ཏེ། སྐབས་བསྟུན་མདུན་སྐྱོད་བྱས་ནས་རླབས་ཆེ་བའི་བྱ་གཞག་གསར་པ་བསྐྲུན།
ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཞིན་སྡེ་བའི་སྡེ་མི་ཡུན་ཡུང་ཞུའུ་ཡིས་བཤད་རྒྱུར། ལོ་ལྔ་བོ་འདིའི་རིང་ལ་ང་ཚོའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་། ད་ལྟའི་ལམ་ཤིན་ཏུ་ཁོད་ཡངས་པ་དང་། ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ། ཡུལ་སྐོར་བའང་ཇེ་མང་ནས་ཇེ་མང་ཡིན་པས། ངས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུ་བཞིན་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པས། ང་ཚོ་མི་དམངས་མང་ཚོགས་ཀྱི་སེམས་སྔར་ལས་ཇེ་བདེར་བཏང་བ་དང་ངར་ཤུགས་ཀྱང་ཇེ་ཆེར་སོང་།
ལེའོ་ཉིང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཏུའུ་ཁྲང་ཁྲིན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ་རང་རྒྱལ་གྱིས་བླངས་པའི་གྲུབ་འབྲས་ཁག་ལ་ཕྱིར་ལྟ་ཞིག་བྱས་ཚེ། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་མཛུབ་སྟོན་གནང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ང་ཚོས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་སྔོན་བརྩོན་པ་བྱ་རྒྱུ་ཡིན།
ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་གྱི་ལས་གཞི་བདུན་པའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲང་ཅིན་ཞང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད། མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ང་འཛམ་གླིང་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་འཛུགས་སྐྲུན་ཆེ་ཤོས་ནང་ཞུགས་པའི་གོ་སྐབས་བྱུང་བ་དང་། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བརྗིད་ཆེའི་འཆར་གཞི་མཛུབ་ཁྲིད་དུ་བཟུང་སྟེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རིག་ནུས་བཟོ་སྐྲུན་བྱེད་པ་དང་སྤུས་ལེགས་ལས་གྲྭ་བསྐྲུན་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྩོལ་རྒྱུ་ཡིན།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་ལྟར་རིམ་འཕར་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱ་དགོས། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གཏོད་དགོས་ཚུལ་བསྟན།
ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཚན་རྩལ་གསར་གཏོད་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅི། ཀྲང་ལིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ནི་སྐབས་བསྟུན་མདུན་སྐྱོད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་། སྔར་བས་ཧུར་བརྩོན་དང་སྔར་བས་ཕན་ནུས་ལྡན་པའི་ཤེས་ལྡན་མི་སྣ་དང་གསར་གཏོད་སྲིད་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”འགོ་ཡག་པོ་ཞིག་རྩོམ་རྒྱུ་ཡིན།
ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རིན་དབྱང་ཧུང་ཐའོ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས“ཞིང་གསུམ་”གྱི་གནད་དོན་ཐག་གཅོད་བཟང་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན། རྗེས་མར། ང་ཚོས་གཙོ་བོ་འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་ནག་སྲུང་སྐྱོབ་བྱེད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་གསོ་སྐྱོང་བྱས་ཏེ། ཡུལ་མི་སྤུན་ཟླ་ཚོའི་འབྲུ་མཛོད་སྔར་བས་ཇེ་ཆེར་དང་སྒོར་ཁུག་སྔར་བས་ཇེ་མཐུག་ཏུ་གཏོང་རྒྱུ་ཡིན།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་མིན་ཅ་ཧུའེ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སློང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་བསྟན། ང་རང་དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ཆ་ནས། ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། བློ་རྩ་བརྟན་པོས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཛིན་པ་དང་གསར་གཏོད་མཁན་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་ལ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།
མན་ཀྲོའུ་ལི་ལེ་དབར་བཅོ་བརྒྱད་མཚམས་ཀྱི་སྒོ་ཁྲལ་ལས་ཁུངས་ཀྱི་འགོ་གཙོ་ལིའུ་ལེ་ཡིས་བཤད་རྒྱུར། “གཏན་ཕབ་གཉིས”ནི་དཀའ་ཁག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མིན་པའི་རང་བཞིན་མཐའ་དག་ལ་གདོང་གཏོད་པའི་ཆེས་བརྟན་པོའི་ངེས་གཏན་རང་བཞིན་དང་གདེང་ཚོད་ཆེན་པོ། འགན་ལེན་ཆེ་ཤོས་དེ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྒོ་འབྱེད་ལ་བརྟེན་ནས་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བསྟུད་མར་ཁོར་ཡུག་ལེགས་བཅོས་དང་བྱེད་ནུས་ཇེ་བཟང་། སྲིད་ཇུས་ལེགས་བསྒྱུར་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་ཕྱི་བྱེད་པའི་འཐབ་ལམ་གསར་བའི་སྟེང་སྔར་ལས་ལྷག་པའི་འགན་འཁྲི་མངོན་དགོས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”བརྗིད་ཆེའི་འཆར་འགོད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཧྲན་ཞི་ཞིང་ཆེན་ཧྲའོ་ཀྲིག་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་ཅུའུ་ཀྲང་ཀྲང་ལི་ནཱ་ཡིས་བཤད་རྒྱུར། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། དགོས་མཁོ་གསར་པར་བརྟེན་ནས་མཁོ་སྤྲོད་གསར་པར་སྣེ་ཁྲིད་དང་མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་བསྐྲུན་པ། ཚོང་གཉེར་ཁོར་ཡུག་རྩེ་གྲ་ཅན་བསྐྲུན་པ། འཛད་སྤྱོད་ཁྲོམ་རའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཤོང་ཚད་ཆེ་རུ་གཏོང་བར་སྐུལ་དགོས།
ཀྲུང་གོའི་བཟོ་ལས་ཚན་རྩལ་ཐོན་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་མཱ་ཞིན་ཆང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། རང་བདག་གསར་གཏོད་ཀྱི་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་། ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་ཇུས་འགོད་ཡོད་པས། ང་ཚོར་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་གཏིང་ཤུགས་དང་ཁ་ཕྱོགས་ཡོད། ང་ཚོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བར་ང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།
སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཅ་ལི་ཧྭ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ལྗང་མདོག་ཕྱོགས་སུ་བསྒྱུར་བ་ཇེ་མགྱོགས་སུ་བཏང་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་དགོས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་ར་མུ་མཐུད་དུ་ཇེ་བརྟན་དུ་བཏང་ནས། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། སྐྱེ་ཁམས་ཀྱིས་དམངས་ལ་ཕན་འདོགས་པ་དངོས་སུ་ལེགས་པར་སྒྲུབ་རྒྱུ་ཡིན།
ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་ཞུས་ཞའོ་ཡུང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”དམིགས་ཏེ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་དགོས། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་། ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་བླང་བྱ་ལྟར། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་པ་གང་མགྱོགས་ཀྱིས་སྒྲུབ་དགོས། ཐོན་ལས་ཕྲེང་སྦྲེལ་གྱི་མཉམ་འགུལ་མཐུན་སྦྱོར་ཟབ་སྤེལ་གྱིས་ཁྲིན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ས་ཁུལ་དེ་ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་ཞིག་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།