
བསྟུད་མར་ཉིན་འགའི་རིང་། ཀྲུང་དབྱང་དོ་དམ་ཁེ་ལས་དང་ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས། ཀྲུང་དབྱང་དོ་དམ་མཐོ་རིམ་སློབ་གྲྭའི་ལས་བྱེད་ལས་བཟོ་བས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས། ཚང་མས་བསམ་སྦྱོར་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། དམངས་འཚོ་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་སུ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དངོས་སྒྲུབ་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུའི་བསམ་པ་བསྟན།
ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཀྱི་རྒྱལ་ནང་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ལས་འགན་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་ནས། དཀའ་བ་གདོང་གིས་བསུ་བ་དང་ངལ་བ་དང་དུ་བླངས་ནས་མདུན་སྐྱོད་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བསྟན་ཡོད། ཚང་མས་བསྟན་དོན། སེམས་ལ་ངར་ཤུགས་འཕེལ་བ་དང་སྐུལ་ལྕག་ཆེན་པོ་ཐེབས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་ཁྱོན་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། ངེས་པར་དུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་རླབས་ཆེན་གྱི་བྱ་གཞག་གསར་པ་བསྐྲུན་དགོས།
ཀྲུང་གོ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་མ་རྐང་བདག་པོ་ཀྲེང་ཞུའེ་ཞོན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་བླངས་པའི་གྲུབ་འབྲས་ནི། གཞི་རྩའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་བསྟན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཡིན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མདུན་དུ། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྙོག་འཛིང་གི་གནས་བབ་འོག་ཚུལ་སྒྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིང་། ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས་ཟེར།
ཀྲུང་གོ་མི་དམངས་འགན་བཅོལ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི་མ་རྐང་བདག་པོ་ཏིང་ཞང་ཆུན་གྱིས་བཤད་རྒྱུར། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ངང་ཐོབ་པ་དེ་ལས། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗིད་ཆེའི་བློ་སྟོབས་དང་། མཐོང་རྒྱ་ཆེ་བ། བརྗིད་ཆེའི་ཐབས་ཇུས་བཅས་གང་ལེགས་སྒོས་མངོན། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་གཏིང་ཟབ་ཏུ་རྟོགས་དགོས་པ་དང་། “སྲུང་སྐྱོང་གཉིས”ལག་བསྟར་ཟོལ་མེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། “ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་པ།”“རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་འཛུགས་སྐྲུན་དང་། འཕེལ་རྒྱས་ཀྱི་གྲུབ་སྟངས་གསར་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ”སོགས་ཀྱི་ལྟེ་བའི་བཀོད་སྒྲིག་གིས་དཔལ་འབྱོར་གྱི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས“བཅོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་འཕེལ་རྒྱས་ལ་བཏོན་པའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་གཞི་ཡིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གནས་བབ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ། མཛུབ་ཁྲིད་བྱེད་ཕྱོགས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ། དམིགས་འབེན་གཙོ་བོ་ཁ་གསལ་བ། ལས་འགན་དང་བྱེད་ཐབས་བདེན་འཚོལ་དངོས་སྒྲུབ་བཅས་བྱས། ཀྲུང་དབྱང་དོ་དམ་ཁེ་ལས་དང་། ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས། ཀྲུང་དབྱང་དོ་དམ་མཐོ་རིམ་སློབ་གྲྭ་སོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། དམིགས་འབེན་གཏན་འཁེལ་བྱས་ནས་ལག་ལེན་གྱི་ཐབས་ལམ་ཇུས་འགོད་བྱས།
ཀྲུང་གོ་ཞིང་ལས་དངུལ་ཁང་གི་འགོ་གཙོ་ཝང་ཀྲི་ཧེང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་དོན་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་“ཞིང་གསུམ”བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པ་དང་། ང་ཚོས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་དྲག་ཏུ་བཏང་། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དངུལ་རྩས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལས་འགན་གལ་ཆེན་ལ་འཆར་འགོད་ལེགས་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར།
ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་མ་རྐང་བདག་པོ་ཏའེ་ཧོའུ་ལེང་གིས་བཤད་རྒྱུར།ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། རྣམ་པ་གསར་པའི་ནུས་ཁུངས་མ་ལག་དང་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྷད་མེད་ཚུལ་སྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོ་རྡོ་སྣུམ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་ཇེ་དྲག་ཏུ་གཏོང་བ་དང་། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་སྟེ། མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་སུ་བཏང་ནས། གོམ་པ་རེ་ལ་རྐང་རྗེས་རེ་བཞག་སྟེ་རླབས་ཆེན་གྱི་འཆར་འགོད་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།
ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཡུང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། ཆིན་ཧྭ་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། རྒྱང་ལྟའི་རང་བཞིན་དང་རྒྱུད་རིམ་ལྡན་པའི་སྒོ་ནས་རིག་ཚན་གྱི་ཁ་ཕྱོགས་དང་རིག་ཚན་བཀོད་པ་འཆར་འགོད་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། སྔར་ལས་འཐུས་ཚང་བའི་སློབ་ཆེན་གྱི་གསར་གཏོད་མ་ལག་གིས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ལ་ཞབས་འདེགས་ཞུ་བའི་ནུས་ཕྱོད་ཇེ་མཐོར་གཏོང་དགོས་ཟེར།
ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་མ་རྐང་བདག་པོ་ཞིས་གོ་ཧྭ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་ཞིག་བྱས་ན། འཆར་གཞི་བཀོད་ཟིན་པ་དང་འགག་རྩ་ནི་དངོས་སྒྲུབ་ལ་ཐུག་ཡོད། ང་ཚོས་འཐབ་ཇུས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། བཅོས་བསྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ནུས་བསྡུ་ལ་དམིགས་ནས། ལྟེ་བའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་སྒོས་བསྐྲུན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་སྔར་ལས་ལྷག་པའི་སྟོབས་ཤུགས་གསར་པ་འབུལ་དགོས་ཟེར།