
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ད་ལྟ། རང་རྒྱལ་གྱིས་རང་བརྟེན་སྒོ་འབྱེད་རྒྱ་སྐྱེད་བྱེད་པ་དང་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བརསྟོང་གསར་པ་མུ་མཐུད་དུ་རྒྱ་ཆེར་བཏང་།
ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་བརྒྱད་པ་ཚེས་ལྔ་ཉིན་ཧྲང་ཧའེ་རུ་འཚོགས། ལག་རྩལ་སྒྲིག་ཆས་དང་འཛད་རྫས་སོགས་འགྲེམས་ཁུལ་ཆེན་པོ་དྲུག་དང་གསར་གཏོད་རུམ་གསོའི་ཆེད་ཁུལ་དངོས་སུ་སྤེལ་ནས། ཕྱི་རྒྱལ་གྱི་འགྲེམ་ཞུགས་ཁེ་ལས་ན་ནིང་ལས600ལྷག་ཇེ་མང་དུ་ཕྱིན། འཛམ་གླིང་གི་སྟོབས་ལྡན་ཁེ་ལས500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས290འགྲེམས་སྟོན་དུ་ཞུགས་ནས། འགྲེམས་སྟོན་གྱི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།
ནང་འདྲེན་འགྲེམ་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། སྐུ་དངོས་སུ་བཏོན་པ། སྐུ་དངོས་སུ་བཀོད་སྒྲིག་མཛད་པ། སྐུ་དངོས་སུ་སྐུལ་སྤེལ་གཏོང་བཞིན་པའི་འཛམ་གླིང་གི་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་ཡིན་ལ། དེ་ནི་ཀྲུང་གོས་རང་འགུལ་གྱིས་འཛམ་གླིང་ལ་སྒོ་འབྱེད་པའི་ཁྲོམ་རའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ནང་འདྲེན་འགྲེམ་ཚོགས་གཉེར་བའི་ཚུན་ལ། རིམ་རྩིས་བྱས་ན་ཚོང་འགྲིག་ཚད་ཨ་སྒོར་ཁྲག་ཁྲིག་ལྔ་ལས་བརྒལ་ནས། ཀྲུང་གོས་དུས་རབས་གསར་པར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་སྐུལ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར།
སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་འབྱུང་པའི་ཐབས་མཆོག་ཅིག་ཡིན།
ད་ལོའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་བའི་ཐད་བཀོད་སྒྲིག་གལ་ཆེན་ཐེངས་མང་པོ་གནང་། ས་གནས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་ཁག་ལ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འབད་པས་བསྐྲུན་ནས། སྒོ་འབྱེད་ལས་སྟེགས་སྣ་མང་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པར་འགྱུར་དགོས་པའི་བླང་བྱ་བཏོན། རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། ཀྲུང་གོས་ཁྲོམ་རར་འཇུག་འཐུས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས་སྒོ་འབྱེད་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན། ཉེ་སྔོན་འཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་རྒྱ་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་མི་ཆད་པར་མཁོ་འདོན་བྱ་རྒྱུ་ཡིན་པ་ནན་གྱིས་བསྟན།
ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་ཚོང་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་། ཝང་ཞུའེ་ཁུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་གཏིང་མཐའ་ཟབ་མོ་རྟོགས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཇུས་འགོད་གནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་རྒྱ་ཆེ་རུ་བཏང་། གཞི་ཁྱོན་ཆེ་བའི་ཚོང་རའི་གསོན་ཤུགས་སྔར་ལས་འདོན་སྤེལ་བྱས་པ་དང་། ཉོ་ཚོང་དངུལ་གཏོང་གི་མ་རྩ་འཇོག་པའི་གཞི་ཁྱོན་གྱིས་ཡང་བསྐྱར་ཟིན་ཐོ་གསར་བ་བཏོད་ནས། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གནམ་འོག་གི་བསམ་པའི་བརྩེ་བ་དང་གཟིགས་རྒྱང་རིང་པོ་མངོན་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ལ། རང་རྒྱལ་གྱི་དངོས་ཟོག་དང་ཞབས་ཞུའི་ཉོ་ཚོང་གི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོ་དང་གཉིས་པར་སླེབས། རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲག་ཁྲིག་བདུན་ལས་བརྒལ་བ་བཀུག ཕྱི་ཕྱོགས་སུ་ལོ་རེར་མ་དངུལ་འཇོག་པའི་ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆའི་ལྔ་ལས་བརྒལ། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། ཕྱི་དངུལ་འཇུག་འཐུས་ཀྱི་བཀག་རྒྱའི་རྩིས་ཐོའི་རྣམ་གྲངས29བར་ཇེ་ཉུང་དུ་བཏང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་འཇུག་འཐུས་ཚད་བཀག“གཙང་སེལ”བྱས། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་གོ་རིམ་ལྡན་པའི་ངང་རྒྱ་བསྐྱེད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ22ལ་ཤར་ལྷོ་ནུབ་བྱང་དབུས་བཅས་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་གསར་གཏོད་ཀྱི་རྣམ་པ་ཆགས་ནས་ཀུན་ལ་ཁྱབ། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ནན་ནན་ཏན་ཏན་གྱིས་སྐུལ་འདེད་བཏང་།
སྔོན་ཏག་ཏག་འདིར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི3.0རིམ་སྤོར་གྱི་གྲོས་ཆོད་ཡི་གེ་ལ་མིང་རྟགས་བཀོད་དེ། སྲོལ་རྒྱུན་ཉོ་ཚོང་གི་མ་དངུལ་འཇོག་པའི་རང་དབང་ཅན་དང་སྟབས་བདེ་ཅན་དུ་རྒྱ་བསྐྱེད་པའི་ཁྱབ་ཁོངས་དེ་གཞི་གྲངས་དང་ལྗང་མདོག ཚད་ལྡན་སོགས་གསར་དར་ཁྱབ་ཁོངས་སུ་རྒྱ་བསྐྱེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་འཚོང་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོ་རུ་བཏང་ནས། ས་ཁོངས་སྒོ་འབྱེད་མཉམ་ལས་ལ་སྔར་ལས་སྒུལ་ཤུགས་ཆེན་པོ་བསྩལ།
རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཟླ12པའི་ཚེས18ཉིན་ཁྲལ་སྡོམ་ལས་གཉེར་བྱས། ད་ལྟ་ཁྲལ་སྡོམ་ལས་གཉེར་གྱི་གྲ་སྒྲིག་གི་ལས་ཀ་གཞི་རྩའི་ཆ་ནས་ཚགས་སུ་ཆུད།
ཧའེ་ནན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ། ཀོན་ཅི་རུང་གིས་བཤད་རྒྱུར། ཁྲལ་སྡོམ་བྱས་རྗེས། ཧའེ་ནན་དང་རྒྱལ་ནང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་འབྲེལ་བ་དམ་ཟབ་བྱེད་ཚད་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ནས་ཕྱི་རྒྱལ་གྱི་མ་དངུལ་དང་། ཕྱི་ཕྱོགས་ཉོ་ཚོང་། ཕྱི་རྒྱལ་གྱི་ཚོང་པ་སྔར་ལས་མང་པོ་ཧའེ་ནན་དུ་འཛོམས་རྒྱུར་ཕན་པ་ཆེ།
ཕྱི་ཕྱོགས་ཉོ་འཚོང་གི་སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས། ད་ལོའི་ཟླ1པོ་ནས་ཟླ9པའི་བར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་གིས་ཕྱིར་གཏོང་སྤྱི་ཡོངས་ལ་བྱས་རྗེས་འཇོག་ཚད་བཅུ་ཆའི་གསུམ་ལས་བརྒལ་ཡོད་པ་དང་། བཟོ་ལས་འཕྲུལ་མི་ཕྱིར་གཏོང་དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར། དེ་མིན་ལྷུ་ལག་བཅས་ཀྱི་འཕར་ཚད་སོ་སོ54.9%དང23.9%ཡིན། ཕྱི་ཕྱོགས་ཉོ་འཚོང་གི“གྲོགས་ཚོམས་”མུ་མཐུད་དུ་རྒྱ་བསྐྱེད། ཟླ་དང་པོ་ནས་ཟླ་བདུན་པའི་བར། རང་རྒྱལ་ནི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ166གི་ཉོ་འཚོང་གྲོགས་པོ་སྔོན་མ་ཆེན་པོ་གསུམ་ཡིན་ལ ། ན་ནིང་གི་དུས་མཉམ་ལས14འཕར་ཡོད།
ཀྲུང་གོའི་ཁྲོམ་རའི“འགུག་ཤུགས”མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན། ད་ལོའི་ཟླ1པོ་ནས་ཟླ9པའི་བར། རྒྱལ་ཡོངས་སུ་ཕྱི་འཚོང་དངུལ་གཏོང་ཁེ་ལས་ཁྲི་བཞི་དང་སྟོང་བརྒྱད་དགུ་བརྒྱ་བཙུགས་ཡོད་པ་དང་། ན་ནིང་གི་དུས་མཉམ་ལས16.2%འཕར་ཡོད། མཁའ་དབྱིངས་འགྲུལ་སྐྱེལ་རླངས་འཁོར་ཐེན་ཅིན་སྤྱིའི་འཕྲུལ་འཁོར་བཟོ་གྲྭའིA320རིམ་པའི་གནམ་གྲུའི་སྤྱིའི་འཕྲུལ་འཁོར་ལམ་ཐིག་དངོས་སུ་སྤྱོད་འགོ་བརྩམས་པས། ཀྲུང་གོ་རུ་ཡོད་པའི་ཐོན་ནུས་མངོན་འགྱུར་བྱེད་པའི་རེ་བ་ཡོད།
མཁའ་དབྱིངས་འགྲུལ་སྐྱེལ་རླངས་འཁོར་གྱི་དབུ་བཞུགས་ལག་བསྟར་དཔོན་ཧྥུའུ་ལིས་ཀྱིས་བཤད་རྒྱུར། ང་ཚོའི་མཐའ་འཁོར་དུ་མཁོ་སྤྲོད་ཕྲེང་འབྲེལ་མ་ལག་ཆ་ཚང་ཞིག་ཡོད། ཀྲུང་གོ་རུ་ཡོད་པའི་མཁོ་འདོན་ཚོང་པའི་གྲངས་འབོར་ཧ་ལམ་200ཙམ་མང་དུ་ཕྱིན་ཡོད་པ་དང་། མཁོ་འདོན་ཚོང་པ་དེ་དག་གིས་ཀྲུང་གོའི་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་དུས་མཚུངས་སུ་འཛམ་གླིང་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། དུས་ཚིགས་སྔོན་མ་གསུམ་ནང་། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་51.7%ཟིན་ཡོད་པས། བརྒྱ་ཆའི་གྲངས་གནས1.1ཇེ་མཐོ་རུ་ཕྱིན། ད་ལོར། རང་རྒྱལ་གྱིས་རང་བརྟེན་སྒོ་འབྱེད་རྒྱ་ཆེ་རུ་བཏང་ཞིང་། དཔྱ་ཁྲལ་གྱི་རྣམ་གྲངས100%ཡི་ཐོན་རྫས་ལ“སྒོ་ཁྲལ་མི་དགོས་པའི”བྱེད་ཐབས་དེ་ཧྥེ་གླིང་གི་རྒྱལ་ཁབ53ལ་ཁྱབ་ཡོད། རྒྱལ་ཁབ76ལ་ཕྱོགས་གཅིག་ནས་མཆན་བཀོད་འགོད་མི་དགོས་པའམ་ཡང་ན་ཕྱོགས་གཉིས་ཀ་ནས་མཆན་བཀོད་འགོད་མི་དགོས་པར་བཟོས་ནས། “གཅིག་འཐུས་རྣམ་པའི”རྒྱལ་ཁོངས་བརྒལ་བའི་ཞབས་ཞུ་དང་རྒྱལ་མཚམས་དང་བྲལ་བའི་ཁྲལ་སློག་ལག་བསྟར་བྱས། དུས་ཚིགས་སྔོན་མ་གསུམ་གྱི་ནང་། རྒྱལ་མཚམས་དང་བྲལ་བའི་ཁྲལ་སློག་ཕྱིར་འཚོང་གྲངས་འབོར97.4%འཕར་ཡོད།
འཇར་མན་གྱི་ཡུལ་སྐོར་བ་ཐུའོ་མ་སི་ལི་ཁྲ་ཏི་ཡིས་བཤད་རྒྱུར། ངས་འབྲུག་དབྱིབས་ཀྱི་སྨྱུག་བརྐོས་དང་སྐེ་དཀྲིས་ཉོས་མ་ཐག་ཁྲལ་རིན་ཕྱིར་སློག ང་རང་ཧ་ཅང་དགའ་ཡོད། འདི་ཧ་ཅང་སྟབས་བདེ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞི་ནང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་དགོས་པ་བཏོན་ཡོད། རང་བརྟེན་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཉོ་འཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་བར་སྟོང་རྒྱ་བསྐྱེད་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ཕྱོགས་བཞི་ནས་བཀོད་སྒྲིག་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་འཆར་གཞི་ལེགས་པོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བར་སྟོང་འཕེལ་རྒྱས་རྒྱ་བསྐྱེད་ཚེ། འཛམ་གླིང་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་དང་འཛམ་གླིང་འཕེལ་རྒྱས་ལ་དྲང་ནུས་དང་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་བསྩལ་ངེས།