མུ་མཐུད་དུ་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་ཁག་ཐེག་བྱ་དགོས།
ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 7

     —ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུའི་སྐོར་གླེང་བ།

“སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་རྣམ་པའི་རིམ་འཕར་དང་། བསྟུད་མར་འཕེལ་རྒྱས་དང་ཡར་ཐོན་འབྱུང་བའི་ལོ་རྒྱུས་གོ་རིམ་ཞིག་རེད།”ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་མདུན་དུ་ལྷགས་པའི་གཏིང་ཟབ་རྙོག་འཛིང་གི་འགྱུར་ལྡོག་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་རི་མོ་བཀོད་དེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གཏན་འཁེལ་གསལ་པོ་བྱས་ཤིང་། མི་སེམས་ལ་སྐུལ་སློང་ཐེབས་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་ལྕག་བཏང་ཡོད།

མུ་མཐུད་དུ་འབད་འཐབ་བྱ་རྒྱུ་དེ་ནི་འཐབ་ལམ་གསར་པའི་སྟེང་གི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་རེད།

རང་རེའི་ཏང་འདི་ཉིད་དབུ་བརྙེས་པའི་ཚུན་ལ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་བྱས་པ་མཐའ་དག་ནི། རང་རྒྱལ་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་ཆེད་རེད། དུས་རབས་གསར་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ“བྱས་རྗེས་ངོ་མཚར་ཅན་གཉིས”ཀྱི་ལེའུ་གསར་པ་བྲིས་ཤིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་མགོ་ཡག་པོ་ཚུགས་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་ལ་འགོག་ཐབས་བྲལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཏེ། མ་འོངས་པའི་ལོ་ངོ5ཡི་འཕེལ་རྒྱས་ཐད་མ་ལག་ལྡན་པའི་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། དེ་ནི་རྒྱལ་ཡོངས་གོང་འོག་ཀུན་གྱིས་འགོག་ཐབས་བྲལ་བའི་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་མོ་དང་བསྟུན་ནས། བརྗིད་ཉམས་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱེད་པའི་སྐུལ་སློང་ནུས་ལྡན་ཞིག་རེད།

ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབས་དང་རྒྱུན་མཐུད་ངང་ལག་བསྟར་བྱ་རྒྱུ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དགེ་མཚན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཕྱི་རྒྱལ་གྱི་མགོ་ཁྲིད་པས་ང་ལ་བཤད་རྒྱུར། ཀྲུང་གོར་དགེ་མཚན་ཆེན་མོ་ཞིག་ཡོད་དེ། ཁྱེད་ཚོས་ནམ་ཡང་འཆར་འགོད་གང་མང་བཟོ་བར་མ་ཟད། འཆར་འགོད་སྣ་ཚོགས་རྒྱུན་དུ་མངོན་འགྱུར་འབྱུང་ཐུབ།”“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད་དང་ཞུན་བརྡར་མདུན་སྐྱོད་བྱས་ཏེ། དཔལ་འབྱོར་གྱི་དངོས་ཤུགས་དང་། ཚན་རྩལ་གྱི་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་བསྡོམས་འབོར་ད་ལོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི140ཡས་མས་སུ་སླེབས་ཐུབ་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་གཙོ་བོ་མི་འགྱང་བར་བདེ་བླག་ངང་གྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་གསར་པ་སྤོ་རྒྱུ་རེད། མགོ་རྩོམ་ས་གསར་པའི་སྟེང་མདུན་སྐྱོད་གསར་པ་བྱེད་མགོ་ཚུགས་པའི་དུས་ཚོད་ལ་སླེབས་ནས་དེ་ཡི་སྟོབས་ཤུགས་གྲུབ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིའི་གནད་དོན་ལ་ཞིབ་འཇུག་བྱེད་པར་སྟོབས་ཤུགས་གསོག་འཇོག་དང་ཇུས་འགོད་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་ཕྱོགས་བྱེད་ནུས་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

ལག་ལེན་ལས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གིས་མཐུན་སྒྲིལ་གཅིག་གྱུར་དང་འཐབ་ནུས་ཆེན་མོ་རྒྱུན་འཁྱོངས་དང་། རྒྱུན་ཆད་མེད་པར་རྒྱལ་ཁ་ལེན་པའི་རྩ་བའི་ཁག་ཐེག་ཡིན། “གཏན་ཕབ་གཉིས”ནི་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ར་སྤྲད་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་མཉམ་དུ་འབད་བརྩོན་བྱེད་པར་འབོད་སྐུལ་བཏང་བ་དེས།“བྱས་རྗེས་ངོ་མཚར་ཆེ་བ་གཉིས”ཀྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པའི་ལོ་རྒྱུས་རང་འགུལ་ཧུར་ཐག་གིས་གཏོད་པ་མངོན་ཡོད་ལ། ཀྲུང་གོ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གདེང་ཚོད་མངོན་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི“གོམ་སྟབས་གཉིས་བགྲོད”ཀྱི་འཐབ་ཇུས་བཀོད་སྒྲིག་ཁྲོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་གོ་གནས་གལ་ཆེན་པོ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་བརྡར་ཤ་གལ་ཆེན་བཅད་ཡོད་དེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་མཐུད་ཕྱི་འདྲེན་གྱི་གོ་གནས་གལ་ཆེན་བཟུང་ཡོད། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་སྟེང་མངོན་འགྱུར་ཡོང་བར་བྱེད་པར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ནི་ལོ་ལྔ་ཚན་དང་པོ་དེ་ཡིན་པས་རྨང་གཞི་བརྟན་པོ་བཏིངས་ཟིན་པ་དང་། མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱུང་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་རྨང་གཞི་བརྟན་གཏོང་དང་། ཁྱོན་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་རེད། གཞི་རྩའི་ངེས་གནས་འདི་ནས་མགོ་བརྩམས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་འཕེལ་རྒྱས་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱིའི་བསམ་ཕྱོགས་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་བཅས་བཏོན་པ་དེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡིས་བཏོན་པའི་འདུ་ཤེས་དང་བསམ་ཕྱོགས་དང་འབྲེལ་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཡོད་ལ། མ་འོངས་པའི་ལོ་ངོ5ཡི་རིང་གི་རང་རྒྱལ་གྱི་འཕེལ་ཕྱོགས་ཆེན་མོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་པས། དོན་དངོས་དང་མཐུན་ཞིང་། རྒྱང་ལྟའི་རང་བཞིན་ལྡན། དུས་ཚོད་ཀྱི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས་དགེ་མཚན་སྲ་བརྟན་དང་རྒྱ་བསྐྱེད་དེ། ཁེགས་ས་དང་ཚོད་འཛིན་མེད་པར་བཟོ་བ་དང་། ཞན་ས་དང་གཉོམ་ས་བསབས་ཏེ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཚེ། དུས་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་སྔར་ལས་བརྟན་པའི་རྨང་གཞི་འདིང་ཐུབ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེན་ལས་དོན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ལས། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མིན་ལ་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་ཁེལ་ཡོད། གནས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། དེ་ཙམ་གྱིས་འཕེལ་ཕྱོགས་ཆེན་མོ་ཁོང་དུ་ཆུད་མཁས་པོ་བྱས་ཏེ། འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་གཏོང་དགོས་པའི་རིགས་ལ་འགྱུར་ལྡོག་གཏོང་ཅི་ཐུབ་བྱ་དགོས།  རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པ་དང་། དགེ་མཚན་མང་བ། མཉེན་གཤིས་ཆེ་བ། སྦས་ཤུགས་ཆེ་བ་དང་། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགེ་མཚན་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགེ་མཚན། ཐོན་ལས་མ་ལག་ཆ་ཚང་བའི་དགེ་མཚན། འཇོན་མིའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་བཅས་སྔར་ལས་མངོན་གསལ་ཡིན་པར་ངོས་འཛིན་གཏིང་ཟབ་བྱ་དགོས། “ཁྱོན་ཡོངས་གཉིས”བློ་ལ་ངེས་པར་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་དང་། སྦས་ཤུགས་དང་དགེ་མཚན་བཅས་ལེགས་པར་སྤྱོད་པ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། ཉེན་ཁར་འཐབ་པ། འགྲན་སློང་བསུ་བ་བཅས་བྱས་ཏེ། རླབས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས་ཞེས་བཏོན། 

དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་བཏོན་པའི་བརྡར་གཅོད་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་། རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་གི་བྱ་བ་ཡག་པོར་སྒྲུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་ཁག་ཐེག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།