

ཚང་མ་ཞོགས་པ་བདེ་མོ། ང་གཡུ་སྒྲོན་ཡིན། ད་ལྟ་ང་ཡོད་ས་འདི་མཚོ་འཕང་སྨི་བཞི་སྟོང་ཉེར་བཞིའི་མཚམས་ཀྱི་སྨོན་ལམ་མཐོན་པོ་སྒང་གི་རི་རྩེ་ཡིན། གནས་འདི་མཐོན་པོ་སྒང་གི་ཉི་ཤར་ལ་ལྟ་སའི་གནས་ཁྱད་པར་བ་ཞིག་རེད།
ཟླ11པའི་ཚེས22ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་དང་སྐར་མ་ཞེ་བདུན་སྟེང་། སྐྱ་མདའ་ཡུན་གྱིས་བཀྱགས་པས་རི་རྩེའི་ལྗོངས་གཟིགས་སྟེགས་བུར་ཆེད་དུ་ཉི་ཤར་ལ་ལྟ་རུ་ཡོང་བའི་ཡུལ་སྐོར་བ་བདུན་བརྒྱ་བརྒྱད་བརྒྱ་ཙམ་གཅིག་ཏུ་འདུས་འདུག ལྷགས་རླུང་གི་ངར་ཁ་ཇི་ལྟར་རྒོད་ཀྱང་མི་རྣམས་ཀྱི་བརྩེ་དྲོད་འགོག་མི་ནུས། མཐོན་པོ་སྒང་གི་སྒར་ཁའི་མགྲོན་ཁང་གི་སྤྱི་གཉེར་བ་གཡུ་སྒྲོན་གྱིས་དགུན་ལྭ་ཞིག་གོན་ནས་མི་ཚོགས་ཁྲོད་ཁ་པར་བླངས་ནས་ཞོགས་པའི་ཐད་གཏོང་བྱེད་མགོ་བརྩམས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་ཡོད་པའི་སྨོན་ལམ་མཐོན་པོ་སྒང་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་ཤིང་མཚོ་སྔོན་པོའི་ལྗོངས་རྣམ་ཡོངས་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་གསལ་བོར་མཐོང་བའི་གནས་གཅིག་པུ་ཡིན། རི་རྩེར་འགྲེང་ཚེ་སྨུག་སྤྲིན་གྱིས་དཀྲིས་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་གསེར་བྱེ་ཐང་མར་བརྡལ་འདྲའི་བྱེ་མ་ལ་བདུན། མུ་མཐའ་བྲལ་བའི་གསེར་དངུལ་ཐང་། གཟི་བརྗིད་ཀྱི་དཔང་བོ་ལྟ་བུའི་ནུབ་མཚོ་གྲོང་རྡལ་བཅས་མིག་ལམ་དུ་གསལ་ལེར་མངོན་ཡོང་ལ། གཡུ་སྒྲོན་གྱི་སྒར་ཁ་རི་འདབས་སུ་ཡོད།
སྒར་ཁ་འདི2023ལོའི་ཟླ4པར་གྲ་སྒྲིག་བྱས་ཏེ་ཟླ5པ་ནས་འཛུགས་སྐྲུན་བྱེད་ཞོར་དུ་ལས་གཉེར་བྱས། མཚོ་སྔོན་པོ་ཡུལ་ཚོ་མཐོན་པོ་སྡེ་བའི་ས་སྐྱེས་རྡོ་སྐྱེས་ཀྱི་གཡུ་སྒྲོན་ལ་མཚོན་ན་གནས་འདི་ནི་མོར་ཆ་རྒྱུས་གསལ་ངོ་ཡོད་པའི་གནས་ཤིག་ཡིན། འོན་ཀྱང་མོ་སྒར་ཁའི་མདུན་ཐད་དུ་ལངས་བསྡད་ཡོད་ཀྱང་སེམས་སུ་འདོར་ཐབས་མེད་པའི་དོན་དག་ཅིག་ཡོད་དེ། དེ་ནི་རི་རྩེར་བགྲོད་སའི་བྱེ་ཟེགས་ཀྱི་ལམ་ཕྲན་དེ་རེད། ཆར་ནང་དུ་རླངས་འཁོར་འདམ་ལ་མི་བུད་པ་དང་་ཁངས་ནང་དུ་ལམ་གཏན་འགོག་བྱེད་སྲིད་པས་དཀའ་ལས་མི་ཉུང་བ་ཞིག་ཡོད།
ཡུལ་སྐོར་བ་དག་གནས་འདི་ལྟ་བུ་ཞིག་ལ་ཡོང་འདོད་ཡོད་དམ།
དེ་དུས་ཀྱི་སྨོན་ལམ་མཐོན་པོ་སྒང་ནི་གཞན་གྱིས་མི་རིག རང་གིས་མི་ཤེས་པའི་ལྗོངས་རྣམ་གསར་བ་ཞིག་ཡིན་ལ། ས་གནས་དེའི་མི་མང་པོ་ཞིག་ཀྱང་དེར་འགྲོ་མྱོང་ཡོད་མེད་མི་ཤེས། འདིར་ལྟ་སྐོར་དུ་ཡོང་བ་ནི་དངོས་གནས་མཚར་སྣང་ལྡན་པ་ཞིག་ཡིན། གཡུ་སྒྲོན་གྱི་ཡིད་ལའང་མ་དྲན་པ་ཞིག་ནི་སྒོ་འབྱེད་བྱས་པའི་ཉིན་གསུམ་པར་ཡུལ་སྐོར་བ་གཉིས་ཀྱིས་དྲ་རྒྱ་བརྒྱུད་ནས་གནས་དེར་ཐོན་ཡོང་བ་དེ་རེད།
“ཉིན་དེར་ཆར་བ་ཆེན་པོ་བབས་ནས་འཛུགས་སྐྲུན་བྱེད་བཞིན་པའི་རྟེན་གཞིར་འདམ་རྫབ་ཀྱིས་ཁེངས་པ་དང་རི་ལམ་དེ་བས་བགྲོད་དཀའ་བ་ཞིག་རེད”ཅེས་རྐང་པར་འདམ་གྱིས་ཁེངས་པའི་ཡུལ་སྐོར་བ་མཐོང་སྐབས། གཡུ་སྒྲོན་གྱི་སེམས་པ་སོམ་ཉིའི་དྲ་བར་ཚུད།
འོན་ཀྱང་། གནམ་དྭངས་རྗེས། སྔོ་ཞིང་དྭངས་བའི་མཚོ་སྔོན་པོ་མིག་མདུན་དུ་མངོན་ཡོང་ལ། ཡུལ་སྐོར་བ་ཞིག་གིས་རྐང་པའི་སྟེང་གི་འདམ་ཕྱི་བཞིན་དགའ་སྤྲོའི་འཛུམ་མདངས་སྟོན་བཞིན“ཧ་ཅང་རིན་ཐང་ལྡན། ལམ་ཞིག་གསོ་བྱས་རྗེས་ང་ཚོས་གྲོགས་པོ་མང་པོ་ཁྲིད་ནས་ཡོང་ངེས་ཡིན”ཟེར།
འོན་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་དགུན་དུས་ལ་སླེབས་བྱུང་། རྟེན་གཞི་གནས་སྐབས་སུ་ལས་གཉེར་བྱེད་མཚམས་མི་འཇོག་ཐབས་མེད་བྱུང་། ལས་མི་རྣམས་ཁྱིམ་དུ་ལོག་ནས། སྨོན་ལམ་མཐོན་པོ་དང་མཉམ་དུ་ལྷིང་འཇགས་སུ་གྱུར།
“སྐབས་དེ་དུས་གདེང་ཚོད་དེ་འདྲ་ཞིག་མི་འདུག དེ་ནི་སྨོན་ལམ་མཐོན་པོར་དགུན་དུས་ཡུལ་སྐོར་བ་ཡོད་མི་སྲིད་ལ”དགུན་དུས་སུ་རི་སྟེང་དུ་རླུང་བུ་འུར་འུར་ལྡང་བ་ལས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག
འགྱུར་བ་གཙོ་བོ་དེ2024ལོར་བྱུང་བ་ཡིན་ལ། མདའ་བཞིའི་བུ་རྒོད་སྡེ་བ་ནས་སྨོན་ལམ་མཐོན་པོ་བར་གྱི་ལམ་སྒྱུར་བཀོད་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་རེད།
ལམ་གྱི་གནས་ཚུལ་ཇེ་ལེགས་སུ་སོང་རྗེས་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་ཕྱིན་ཏེ། ལས་འགོ་བཙུགས་པ་ནས2024ལོའི་ཟླ10པའི་ཟླ་མཇུག་བར་རྟེན་གཞིར་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི6ཙམ་སྣེ་ལེན་བྱས་ཡོད། འོན་ཀྱང་རིམ་པ་བཞི་པའི་བྱེ་ལམ་གྱིས་སྔར་བཞིན་དགུན་དུས་གངས་འཁྱགས་ཀྱི་ཚོད་བགམ་ཐེག་མི་ཐུབ་པས་སྒར་ས་དེ“དགུན་ཟླའི”དཀའ་ངལ་གྱི་གནས་སུ་གྱུར།
འཕོ་འགྱུར་ངོ་མ་དེ་ད་ལོ་བྱུང་བ་ཡིན་ལ། ད་ལོའི་ཟླ4པར། མདའ་བཞིའི་བུ་རྒོད་སྡེ་བ་ནས་སྨོན་ལམ་མཐོན་པོ་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བའི་སྒྱུར་བཀོད་ལས་གཞི་དངོས་སུ་ལག་བསྟར་བྱས་ཏེ། ཟླ་གཉིས་ཀྱི་རྗེས་སུ་མཚོ་བྱང་བོད་རིག་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ལག་བསྟར་བྱས་པའི་མདའ་བཞིའི་བུ་རྒོད་སྡེ་བ་ནས་སྨོན་ལམ་མཐོན་པོ་བར་གྱི་སྤྱི་ལེ13.2ཡོད་པའི་ཝ་མདོ་ཉག་ག་ནས་དམག་དཔུང་གདོང་ལམ་བར་གྱི་སྤྱི་ལེ13.7ཡོད་པའི་རི་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་དཀྱུས་མ་དང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཆུ་ཚོད་ཕྱེད་ཀ་ལས་མི་འགོར་བར་རི་རྩེར་འཛེག་ཐུབ་ཀྱིན་ཡོད།
རྣམ་པ་གསར་བར་སྒྱུར་བའི་གཞུང་ལམ་གྱིས་སྨོན་ལམ་མཐོན་པོར་ཡུལ་སྐོར་གྱི་སྒོ་ཆེན་ཕྱེས་བྱུང་། ཡུལ་སྐོར་སྐུ་མགྲོན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་པ་དང་བསྟུན། རྟེན་གཞི་རུ་ཐོལ་བརྒལ་ཆེན་པོ་གསུམ་མངོན་འགྱུར་བྱུང་འདུག་སྟེ། ཉིན་རེའི་ཡུལ་སྐོར་མི་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་དང་བརྒྱད་བརྒྱ་རུ་སླེབས་ནས་མི་འཁོར་ཚད་ཀྱི་ཟིན་ཐོ་གསར་བ་བསྐྲུན། ཉིན་རེའི་ཡོང་འབབ་སྒོར་འབུམ་གཅིག་ལས་བརྒལ་ནས། ལས་གཉེར་གྱི་རིན་འབོར་མཐོར་འདེགས་བྱུང་། བསྟུད་མར་ཉིན་བཅུ་ལ་མགྲོན་ཁང་དག་གི་ནང་འགྲུལ་བས་བཀང་ནས། ཞག་འདུག་གི་ཁ་གྲངས་ཆེས་མཐོ་བའི་ཚད་དུ་སླེབས།
ཟླ་བཅུ་བའི་ཟླ་དཀྱིལ་བར་དུ། སྨོན་ལམ་མཐོན་པོ་རུ་འགྲུལ་བ་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གསུམ་དང་ཁྲི་གསུམ་ལ་སླེབས། ཡུལ་སྐོར་བ་ཆེས་མང་པའི་དུས་སུ། རྟེན་གཞིས་བཏོན་པའི་སྲས་མོ་ཁྱིག་གི་འཚིག་ཇ་དང་སྲས་མོ་ཁྱིག་གི་འཐེན་ཐུག་སོགས་དྲ་དཔོན་གྱི་ཐོན་རྫས་མཁོ་སྤྲོད་བྱེད་དཀའ་བའི་ཚད་དུ་སླེབས།
འཕྲིན་བཟང་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང་། འགྲིམ་འགྲིལ་གྱི་གནོན་ཤུགས་མྱུར་དུ་ཐག་གཅོད་བྱས་ནས། ཡུལ་སྐོར་བར་སྨོན་ལམ་མཐོན་པའི་མཛེས་ཉམས་ལ་རོལ་མྱོང་ཡག་པོ་བྱེད་དུ་འཇུག་ཆེད། ཝ་མདོ་ནས་དམག་དཔུང་གདོང་བར་གྱི་གཞུང་ལམ་ཟླ་དགུ་བའི་ཚེས་ཉེར་གསུམ་བར་དུ་ཡོངས་སུ་ལས་ནས་འགྲུབ་པས། སྨོན་ལམ་མཐོན་པོའི་ལྗོངས་ཁུལ་གྱི་གཙོ་ཐིག་ལམ་གཉིས་ཀྱིས་ཡོངས་སུ་ཁེབས་ནས། འགྲིམ་འགྲུལ་སྐོར་ཐིག་གི་དྲ་བ་ཡོངས་སུ་འགྲུབ་པར་བྱས།
འདི་ལྟ་བུའི་འགྱུར་ལྡོག་གིས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་མཚོ་སྔོན་གྱི་འགྲིམ་འགྲུལ་དྲ་བའི་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་དེར་གྲུབ་འབྲས་རེག་སོང་ལ། གཞུང་ལམ་ཆུ་ལམ་འགྲིམ་འགྲུལ་བརྟན་འཇགས་དངུལ་གཏོང་མ་དངུལ་སྒོར་ཐེར་འབུམ་དགུ་དང་ཐེར་ཆེན་གསུམ་ལ་སླེབས་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་བརྒྱུད་པའི་ལམ་ཚད་སྤྱི་ལེ་ཁྲི་དགུ་དང་སྟོང་གསུམ་ལ་སླེབས།
ཇུས་གཞི་ཆེན་པོ་འདིའི་ཁྲོད་དུ། མཚོ་སྔོན་འགྲིམ་འགྲུལ་གྱིས་འགྲིམ་འགྲུལ་ལམ་ཐིག་དེ་ཡུལ་ལྗོངས་ལམ་ཐིག་དང་དཔལ་འབྱོར་ལམ་ཐིག་ཏུ་བསྒྱུར་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་འཐབ་ཇུས་བླང་བྱ་ལ་དམིགས་ནས། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་ཡུལ་སྐོར་གཞུང་ལམ་གྱི་འཆར་འགོད་རྩ་གནད་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་དཔེ་སྟོན་ཁུལ་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་གྱི་འཆར་འགོད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་གཞུང་ལམ་རྟགས་འགོད་མ་ལག་གི་ཇུས་གཞི་བཅས་སྒྲིག་ནས་དཔར། ལྟེ་བ་གཅིག་དང་འཁོར་ཚིགས་གཅིག རྒྱུད་མང་པོའི་སྐྱེ་ཁམས་ཡུལ་སྐོར་གཞུང་ལམ་གྱི་སྒྲོམ་གཞི་འཛུགས་པར་ཤུགས་བསྣན་ནས། མཚོ་སྔོན་པོ་དང་ཚྭ་འདམ་གཞུང་སོགས་ཨང་རྟགས་དང་པོའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ལྗོངས་གཟིགས་ལམ་ཆེན་ལྔ་ལ་མྱུར་དུ་སྐུལ་འདེད་བཏང་ནས། སྒོ་མེ་ལ་དང་སྨོན་ལམ་མཐོན་པོ་སོགས་རི་རྩེ་བཅུའི་སྐྱེ་ཁམས་ལྗོངས་གཟིགས་ལམ་ཆེན་ལག་ལེན་དངོས་འབེབ་བྱས་ནས། ཟབ་ལུང་ནང་དང་སྒོ་མེ་ལ་སོགས་ཡུལ་སྐོར་གཞུང་ལམ་སྐོར་ཞིག་མང་ཚོགས་མང་པོ་འདུ་སའི་གནས་སུ་གྱུར་ནས། འགྲིམ་འགྲུལ་དྲ་བ་དང་ཡུལ་སྐོར་གྱི་ཐོན་ལས་དེ་ཕྱོགས་གཉིས་ཀྱི་ནུས་པ་དང་ཕན་ཚུན་གསབ་རེས་ཀྱི་རྣམ་པ་མངོན་འགྱུར་བྱུང་།
ལམ་ཕྲན་ཞིག་གིས་རི་ཆེན་ཞིག་ལ་གསོན་ཤུགས་བསྩལ། རི་ཆེན་དེ་ཡིས་གྲོང་ཚོ་ཞིག་ལ་སྐུལ་ཁྲིད་བྱས། རྟེན་གཞིའི་སྤྱི་གཉེར་བ་གཞོན་པ་ལིག་ཧེའེ་ཡིས“སྟབས་བདེ་བའི་འགྲུལ་བཞུད་དང་འགྲོས་དལ་བའི་ཡུལ་སྐོར”ཞེས་པའི་ཚིག་གཅིག་གིས་འགྱུར་ལྡོག་དེར་སྤྱི་སྡོམ་བྱས།
“ཡུལ་སྐོར་བས་སྔ་དྲོར་མདའ་བཞིའི་བུ་རྒོད་སྡེ་བའི་ཕྱོགས་ཀྱི་རི་རྩེ་ནས་ཉི་ཤར་དང་། རི་སྐེད་སྤྲིན་གྱིས་གཡོགས་པའི་མཛེས་ལྗོངས་ལ་བལྟ་ངེས། མཚན་མོར་ཝ་མདོ་ཉག་གའི་ཕྱོགས་ནས་རི་འདབས་སུ་བབས་ཏེ། མཚོན་མདངས་རྣམ་པར་བཀྲ་བའི་མཚོ་སྔོན་པོའི་ཉི་ནུབ་ཀྱི་མཛེས་ལྗོངས་རོལ་མྱོང་བྱེད་ཐུབ། དེ་ལས་ཀྱང་དོན་སྙིང་ལྡན་པ་ནི། གཞུང་ལམ་ཤར་གཏོང་བྱས་པའི་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་གསེར་དངུལ་ཐང་གི་རྡུལ་ཕྲན་མཁར5Aརིམ་པའི་ལྗོངས་ཁུལ་གཉིས་དམ་པོར་སྦྲེལ་ཡོད་པ་དེས། མཚོ་ཁའི་མཛེས་སྡུག་དང་གསར་བརྗེའི་དྲན་ཤེས་གཉིས་དམ་པོར་སྦྲེལ་བའི་ཡུལ་སྐོར་ལམ་ཐིག་བསྐྲུན་ཡོད།”
ལམ་ཕྲན་འདི་ནི། མཚོ་སྔོན་འགྲིམ་འགྲུལ་གྱིས་ཡུལ་སྐོར་འཕེལ་རྒྱས་ལ་ནུས་ཤུགས་བསྩལ་བའི་བསྡུས་གཟུགས་གསོན་པོ་ཞིག་ཡིན། མིག་སྔར། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི84ཡིAརིམ་པའི་ལྗོངས་ཁུལ་དུ་རིམ་པ་གཉིས་པའི་ཡན་གྱི་གཞུང་ལམ་ཤར་གཏོང་བྱེད་པ་མངོན་འགྱུར་བྱས་པ་དང་། “སྣ་ལྔའི་མཐོ་སྒང་གི་གཞུང་ལམ། རབ་མཛེས་མཚོ་སྔོན་གྱི་འགྲུལ་བཞུད”ཞེས་པའི་གཞུང་ལམ་གྱི་ཟོང་རྟགས་བསྐྲུན་ཏེ། “སྟབས་བདེ་བའི་འགྲུལ་བཞུད་དང་འགྲོས་དལ་བའི་ཡུལ་སྐོར། ལམ་འགྲམ་གྱི་མཛེས་ལྗོངས་སྣོལ་མར་སྦྲེལ་བའི”ཡུལ་སྐོར་འགྲིམ་འགྲུལ་དྲ་བ་སྤྱིའི་ཆ་ནས་གྲུབ་པར་བྱས་ཡོད། མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཚོད་ལྟའི་གནས་ས་དེ་ཐོལ་བརྒལ་བྱེད་སར་བྱས་ཏེ། “མཚོ་སྔོན་པོའི་ཡུལ་སྐོར་ལམ་ཆེན”དང“སྒྱུ་འཕྲུལ་གྱི་མཚོ་བྱང་ཡུལ་སྐོར་ལམ་ཐིག”རྒྱལ་ཁབ་རིམ་པའི་འགྲིམ་འགྲུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཅན་དུ་གྱུར་ལ། ཟབ་ལུང་ནང་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་དང་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ། ལོའུ་ཏུའུ་ནས་དཔའ་ལུང་བར་གྱི་གཞུང་ལམG213བཅས2025ལོའི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞུང་ལམ་ལས་གཞིའི་ཁྲོད་བདམས།
གཡུ་སྒྲོན་ལ་མཚོན་ནས་བཤད་ན། འདི་ལྟ་བུའི་གྲུབ་འབྲས་དེ་རང་གི་ཉེ་འཁོར་དུ་བྱུང་བའི་འཕོ་འགྱུར་ཡིན་ལ། ཕ་ཡུལ་གྱི་འགྲུལ་བཞུད་ཆ་རྐྱེན་ལ་གཞི་རྩའི་ལེགས་བཅོས་ཐོབ་པ་དང་། གནམ་ཐང་སྐབས་ལུས་ཧྲིལ་བོར་རྡུལ་གྱིས་ཁེངས་པ་དང་ཆར་འབབ་སྐབས་ལུས་ཧྲིལ་བོ་འདམ་གྱིས་གཡོགས་པ་དེ་ལོ་རྒྱུས་སུ་གྱུར་ཡོད། ཉིན་རྒྱུན་གྱི་འགྲུལ་བཞུད་དང་སྨན་བཅོས། ཉོ་སྒྲུབ་བཅས་ལ་སྟབས་བདེ་གང་ལེགས་བྱུང་ནས། འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་ཇེ་མང་ནས་ཇེ་མང་དུ་སོང་ཡོད།
“རྟེན་གཞིར་གསར་དུ་བསྣན་པའི་བར་སྣང་འཕུར་གྲུ་ལྟ་བུའི་སྦྲ་གུར་གྱིས་འགྲུལ་བ་མང་བོ་ནང་འགུག་བྱས་ཏེ། ས་གནས་ཀྱི་ལུག་ཤ་དང་སྐམས་ཤ། འབྲི་ཞོ། ལོག་དཀར་མེ་ཏོག་གི་སྦྲང་རྩི་སོགས་ཀྱང་མིང་དུ་གྲགས། ཚོད་རྩིས་བྱས་ན། ད་ལོར་རྟེན་གཞིའི་ཉེ་འཁོར་གྱི་ཡུལ་མིའི་ལག་ནས་ཁྱད་ལྡན་ཐོན་རྫས་སྒོར་འབུམ་བཞིར་ཉེ་བ་ཙམ་ཉོས་ཡོད་པས། དེའི་ནང་ཞུགས་པའི་ཁྱིམ་ཚང་རེའི་ཡོང་འབབ་སྒོར་ཁྲི་གསུམ་གྱི་ཡན་ཡིན། དེ་ལས་ཀྱང་དགའ་འོས་པ་ཞིག་ལ། ང་ལྟ་བུའི་ན་གཞོན་དག་གིས། ཡུལ་ཁྱམས་བྱེད་མི་དགོས་པར་ཕ་ཡུལ་ནས་ཚོང་ལམ་གསར་བ་རྙེད་ཐུབ།”
ད་ལོའི་དགུན་ཁར། སྨོན་ལམ་མཐོན་པོའི་རི་མགོར་བྲེལ་ཟིང་དང་འདུ་འཛིའི་རྣམ་པས་ཁེངས་ཡོད་པ་དང་། གཟའ་མཇུག་རེ་རེར་ལྟ་སྐོར་བ་སྟོང་ཕྲག་ལྷག་ཆེད་དུ་སྐྱ་རེངས་ཀྱི་འདུ་འཛོམས་རོལ་བར་ཡོང་གིན་ཡོད།
དུས་ཚོད7དང་སྐར་མ56སྟེང་། ཞོགས་པའི་ཉི་ཟེར་འཕྲོས་པ་དང་བསྟུན་ནས། རི་བོས་གསེར་གྱི་གོས་ལྭ་མནབས་པ་ཇི་བཞིན་རྡུལ་ཕྲན་མཁར་གྱི་རྣམ་པ་ཉི་འོད་ཁྲོད་རིམ་བཞིན་ཇེ་གསལ་དུ་སོང་། ཡུལ་སྐོར་བ་རྣམས་ཀྱི་དགའ་སྤྲོའི་འབོད་སྒྲའི་ཁྲོད། ཐག་མི་རིང་བའི་ཚོང་ཁང་ཆུང་བའི་མདུན་དུ་གྲལ་རིང་བོ་སྒྲིག་འདུག་ལ། ཚ་ལམ་ལམ་གྱི་འོ་ཇ་དང་། ཁོ་ཧྥེ། མ་རྨོས་ལོ་ཏོག་བཅས་མཁོ་སྤྲོད་བྱེད་དཀའ་བར་གྱུར།
སྔོན་ཆད་དགུན་ཁའི་རྟེན་གཞི་རུ་མི་གཅིག་ནས་གཉིས་མ་གཏོགས་ལས་རེས་བྱེད་ཀྱིན་མེད་ལ། མཚོ་བྱང་ཁུལ་མཁོ་ཚོང་སྤུས་ལེགས་ཚོང་ཁང་གི་ཉིན་ཧྲིལ་བོའི་ཡོང་སྒོ་སྒོར20མ་གཏོགས་མེད། ད་སྐབས། གཟའ་མཇུག་གི་ཉིན་གཅིག་ལ་ཡོང་སྒོ་སྒོར་སྟོང་ཕྲག་མང་པོ་ཡོད་པ་དང་། ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། རྟེན་གཞིའི་རྐང་གཉེར་དབུ་གཙོ་ལིའུ་ཁྲེང་ཆིང་གྱི་གདོང་ལ་དགའ་སྤྲོའི་ཁེངས་ནས་བཤད་རྒྱུར། རྟེན་གཞིའི་ཚོང་གཉེར་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་ལྔ་ལས་བརྒལ་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་བོར་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་ལྔ་མངོན་འགྱུར་བྱེད་ཐུབ་ཟེར།
དེ་སྔོན་དགུན་ཁར་ལྷིང་འཇགས་ཡིན་པ་ནས་ད་ལྟ་མཛེས་ལྗོངས་ཁུལ་དེར་འཕེལ་རྒྱས་ཀྱི་ཚ་རླབས་ཆེན་པོ་རྒྱས་ཡོད་པས། གཡུ་སྒྲོན་དང་ཡུལ་མི་རྣམས་ཀྱིས་སེམས་སུ་དགའ་སྤྲོས་ཁེངས་ཡོད།
ལམ་བུ་འདི་རི་རྩེར་འཐེན་ཡོད་པར་མ་ཟད། དེ་ལས་རིང་བའི་འཇིག་རྟེན་ལ་འཐེན་ཡོད། ཐད་གཏོང་མཇུག་སྒྲིལ་རྗེས་གཡུ་སྒྲོན་གྱིས་རྒྱང་རིང་གི་ཀྱག་ཀྱོག་གི་གཞུང་ལམ་ལ་བལྟས་ནས། དེས་ཡུལ་སྐོར་བ་སྔར་ལས་མང་བ་འགུག་ཐུབ་ལ། སྨོན་ལམ་མཐོན་པོའི་གཏམ་རྒྱུད་ཕྱིར་བསྒྲགས་སྲིད་པས། ཕ་ཡུལ་གྱི་འཕེལ་རྒྱས་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་ཡོད།
སྐད་ཆ་བཤད་ཚར་རྗེས། ཉི་མ་སེར་པོ་སྤྲིན་གསེབ་ལས་ཐོན་པ་དང་། རི་བོའི་ཚོགས་ལ་ཉི་ཟེར་གྱིས་གཡོགས་ཡོད་ལ། འཇའ་ཚོན་གྱི་ལམ་གསར་བ་དེ་གསལ་བར་བྱས། གཡུ་སྒྲོན་དང་ཡུལ་མི་ཚོ་ཉི་ཟེར་ཁྲོད་དུ་ལངས་ནས། སྔར་ལས་དར་རྒྱས་དང་སྔར་ལས་འོད་སྟོང་འབར་བའི་འབྱུང་འགྱུར་ལ་རེ་སྒུག་བྱེད་བཞིན་ཡོད།
མི་ཕམ་མགོན་པོ། ཚེ་མགོན་རྒྱལ། སྐལ་བཟང་རྣམ་རྒྱལ། ཁོན་ཐར་དབང་རྒྱལ། ཏིང་འཛིན་མཚོ་མོ་བཅས་ཀྱིས་བསྒྱུར།