
གྲོལ་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བརྩམ་ནས2035ལོའི་རྒྱང་རིང་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཤིག་ཡིན། ཚང་འཛོམས་གྲོས་ཚོགས་ལས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་པ་དང་། མ་འོངས་པའི་ལོ་ལྔའི་རིང་གི་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལ་འཆར་འགོད་གསལ་བོ་བཟོས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཐེངས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུལ་སྣང་ཆེན་པོ་བྱུང་།
འཆར་འགོད་གསར་པ་བཟོས་ཏེ་སྐྱོད་ལམ་གསར་པར་འབད་པས་བསྐྱོད། ཚང་མས་ལང་ལོང་སྒོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཤུགས་མཐུད་དབྱུག་པ་བླངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། དྲིན་གསོ་འབད་འཐབ་དང་དངོས་སྒྲུབ་མདུན་སྐྱོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་འགོ་ལེགས་པོ་རྩོམ་པ་དང་དཀའ་གནད་མཁྲེགས་གཏོར་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་འབད་འཐབ་བཅས་བྱས་ནས་རྒྱུན་མཐུད་འབད་འཐབ་བྱེད་པའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ངེས་ཡིན་ཞེས་བསྟན།
འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྟེན་ནས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། དྲིན་གཟོ་འབད་འཐབ་ཀྱིས་ཏང་གི་རྗེས་སུ་འབྲངས་དགོས།
ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། འདས་ཟིན་པའི་ལོ་ལྔ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཧ་ཅང་རྒྱུན་ལྡན་མིན་ལ་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་གསལ་བོར་བསྟན། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རིང་བཞིན་གྱི་ཐོལ་བརྒལ་བྱུང་བ་དང་། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སྔར་ལས་བློ་བརྟན་འགྱུར་མེད་སྒོས་ཏང་གི་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར་ཡོད་ལ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པའི་ཐད་ནས་ཉམས་མྱོང་རྩ་ཆེན་བསགས་པ་དང་རྨང་གཞི་བརྟན་པོ་བཏིངས།
འཚོ་བ་སྔར་ལས་བདེ་ཞིང་སྐྱིད་ལ། སྡེ་བའི་ནང་གི་འགྱུར་ལྡོག་ཀྱང་དངོས་སུ་ཤེས་ཤིང་ཚོར་ཐུབ་པ་ཞིག་རེད་ཅེས་ལོ་འདི་འགའི་རིང་གི་འཚོ་བ་གླེང་སྐབས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་སྲང་ལམ་གྲོང་སྡེ་སྡེ་བའི་སྡེ་མི་བདེ་ཆེན་གཡང་བཀྲ་ལ་སེམས་འགུལ་ཆེན་པོ་ཐེབས་འདུག གྲོང་སྡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འབའ་ཉི་མ་ཡིས་བཤད་རྒྱུར། ལོ་འདི་འགའི་རིང་། གྲོང་སྡེ་སྡེ་བས་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་བསྟུན་ནས་རྩྭ་ར་སྔར་ལས་དོ་སྲུང་བཟང་བོ་བྱས་པར་མ་ཟད། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་བཟང་བོ་བྱུང་ལ། ནོར་ལུག་གསོ་སྤེལ་ཚད་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་དེ་སྡེ་དམངས་ཀྱི་ཡོང་སྒོ་བརྟན་འཇགས་སྒོས་འཕར་སྣོན་བྱུང་ཤིང་། གཞུང་ལམ་ཞིག་གསོ་དང་ཁྱིམ་ཚང་རེ་རེར་གློག་འཐེན་པ། སྡོད་ཁང་གསར་པ་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ནས་བྱིས་པ་སློབ་གྲྭར་འགྲོ་བ་དང་རྒན་པས་ནད་སྟོན་པ་སོགས་ཕྱོགས་གང་ཅིའི་ཐད་སྟབས་བདེ་གང་ལེགས་བསྐྲུན་ཏེ་རིགས་སོ་སོའི་དམངས་འཚོ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། དེ་མིན་ད་རུང་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་གཏེར་ཀྱི་སྲུང་སྐྱོབ་མཁན་བཟང་བོ་བྱས་ཏེ་ང་ཚོས་མུ་མཐུད་དུ་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་ངེས་ཡིན་ཟེར།
ཚང་འཛོམས་གྲོས་ཚོགས་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་རྨ་ཆུའི་སྲུང་ལམ་རྨ་ཤར་གཞིས་ཁུལ་གྱི་ཏང་ཡོན་མིན་དབྱིན་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། གཞིས་ཁུལ་ནི་མི་རིགས་སོ་སོ་ཕན་ཚུན་བརྗེ་རེས་དང་འབྲེལ་འདྲིས། མཉམ་བསྲེས་བཅས་བྱེད་པའི་གཡུལ་ས་གལ་ཆེན་ཞིག་དང་སེ་འབྲུ་ལྟ་བུའི་གཞིས་ཁྱིམ་དྲོད་མོ་ཞིག་ཡིན་ལ། ཁྱིམ་མཚེས་ཕན་ཚུན་བར་བརྗེ་རེས་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་སྣ་མང་སྤེལ་བ་བརྒྱུད་དེ་ད་ལྟ་རིགས་སོ་སོའི་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དང་མཛའ་བརྩེ་ཇེ་ཟབ་ཏུ་གྱུར་ཡོད་ཟེར། རྨ་ཤར་གཞིས་ཁུལ་གྱི་དམངས་སྲིད་ཨུ་ཡོན་མཱ་ཞིག་ལན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་རྗེས་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་ལ། ཚང་འཛོམས་གྲོས་ཚོགས་ཀྱིས་དམངས་ཚིས་ཕྱུག་འགྱུར་ལ་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ་ང་ཚོས་ལས་སྒྲུབ་ལས་གཏོད་བྱེད་པའི་ཁ་ཕྱོགས་སྔར་ལས་གསལ་བོ་བྱས་པ་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ཞེས་བསྟན། ཁོ་མོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྡོད་དམངས་ལ་ཞབས་འདེགས་ཞུ་བའི་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར་བ་དང་རྒྱུན་མཐུད་ངང་དྲ་མིག་ཅན་གྱི་དོ་དམ་སྤེལ་བ། དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་སྒྲིག་ཆས་ཚུལ་སྒྱུར་རིམ་སྤོར་དང་འཐུས་ཚང་དུ་གཏོང་བ། མི་ཚོགས་གཙོ་བོར་དམིགས་ནས་གནད་ཕིགས་ཞབས་ཞུ་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ་བྱེད་ཐབས་དངོས་ལ་བརྟེན་ནས་གཞིས་ཁུལ་གྱི་འཆམ་མཐུན་གཞི་རྩ་ཇེ་བརྟན་དུ་གཏོང་ངེས་ཡིན་ཞེས་བསྟན།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་དྲིལ་སྒྲོག་པ་མཱ་ཀྲན་དབྱིན་གྱིས་བཤད་རྒྱུར། ཚང་མས་ལོ་ལྔའི་རིང་ལ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་སུ་ལོ་རྒྱུས་རང་བཞིན་གྱི་ཐལ་བརྒལ་བྱུང་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་མཛུབ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རེག་ལས་ཡོད་པ་གསལ་བོར་རྟོགས་ཡོད། དྲིལ་སྒྲོག་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་བྱ་བའི་སྒུལ་ནུས་སུ་བསྒྱུར་ནས་དྲིལ་སྒྲོག་གི་གཡུལ་ས་གཙོ་བོར་ཟབ་ཞུགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་གསོ་འབད་འཐབ་བྱེད་པ། འགན་འཁྲི་ལེགས་པོར་སྒྲུབ་ནས་ཏང་གི་བཀའ་གསུང་བརྒྱུད་སྒྲོག་བྱེད་པ། རིགས་སོ་སོའི་མང་ཚོགས་ཏང་གི་རྗེས་སུ་འབྲངས་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་ངེས་ཡིན་ཟེར།
ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེ་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་རེའུ་མིག་ཡིན་ལ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན།
གྲོས་གཞི་ལས་རྩ་དོན་གལ་ཆེན་འདོན་པའི་སྐབས་སུ་སྐྱེ་ཁམས་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུ་གོ་གནས་གལ་ཆེན་དུ་བཞག་ཡོད། དེའི་ཐད་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྗོང་རྨ་ཆུ་ཡུལ་ཚོ་སྐྱེ་ཁམས་དོ་སྲུང་ས་ཚིགས་ཀྱི་འགན་ཁུར་བ་འཇམ་དབྱངས་རྡོ་རྗེ་ཡིས་དེས་ང་ཚོའི་རྗེས་ཕྱོགས་ཀྱི་དོ་སྲུང་བྱ་བར་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཡོད་ཅེས་བསྟན། དུས་ཡུན་རིང་བོའི་ནང་། འཇམ་དབྱངས་རྡོ་རྗེ་ཡིས་རི་ཆུར་སྐོར་ཞིབ་བྱེད་པའི་ལས་དོན་རྒྱུན་འཁྱོངས་བྱས་ཏེ་དོ་སྲུང་བྱེད་སྒོ་སྤེལ་བ་དང་། སྒྲིག་འགལ་ངང་སྲུང་སྐྱོབ་ས་ཁུལ་དུ་ཡོང་བའི་མི་སྣ་ཕྱིར་འགྲོ་བར་ཁ་ཏ་བྱས་པ་དང་མཉམ་དུ་སྲིད་ཇུས་འགྲེལ་ཀློག་དང་ཁེ་ཕན་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱིས་རང་མོས་ངང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱས། འཇམ་དབྱངས་རྡོ་རྗེ་ཡིས་བཤད་རྒྱུར། ངས་མུ་མཐུད་དུ་འགོ་ཁུངས་ལ་རྐང་བཙུགས་ནས་རང་ཉིད་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ཏེ་རི་ལྗང་ཆུ་དྭངས་སྲུང་སྐྱོབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་སྲུང་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ངེས་ཡིན་ཟེར།
ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་དགེ་མཚན་གསབ་རེས་ཀྱི་ཁུལ་ཁོངས་དཔལ་འབྱོར་སྒྲིག་གཞི་བསྐྲུན་དགོས་ཞེས་བཏོན་ནས་ང་ཚོའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་རི་གསར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་གཙོ་ཅཱ་ཧྲིན་རོང་གིས་རི་གསར་གྲོང་རྡལ་གྱིས་མི་རིགས་མང་པོའི་འདུས་སྡོད་ཁུལ་དང་རུ་མ་ས་ཁུལ་གྱི་ས་ཁམས་ཁྱད་ཆོས་ལ་རྐང་བཙུགས་ཏེ་མཁར་གྲོང་མཉམ་བསྲེས་དམ་འཛིན་བྱེད་སར་བྱས་ཏེ་བར་སྟོང་འཆར་འགོད་ལེགས་སྒྱུར་དང་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱ་ངེས་ཡིན་ལ། ཐོན་ལས་རིམ་སྤོར་ཁྲིད་སྟོན་དུ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར། སྐྱེ་ཁམས་ཞིང་ཕྱུགས་ལས་བཅས་སྟོབས་ཆེར་བཏང་སྟེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་དང་། དམངས་ཚིས་ལེགས་བཅོས་གཞི་རྩ་བྱས་ཏེ་སྤྱི་བའི་ཞབས་ཞུའི་དོ་མཉམ་ཅན་ལ་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།
ཀྲུང་གོ་ཚྭ་ལས་མཚོ་སྔོན་ཁུ་ནུ་བུལ་ལས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ཝང་ཆེན་ཝེ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས། ང་ལ་ཁེ་ལས་ཀྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་འཐབ་ཇུས་བཀོད་སྒྲིག་མཉམ་འཛིན་སྤྱི་འདོམས་བྱེད་པའི་གལ་ཆེན་རང་བཞིན་ཐད་ནས་མྱོང་ཚོར་ཟབ་མོ་བྱུང་། ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་ཞེས་བསྟན་ཡོད། བུལ་གཙང་མའི་རྫས་འགྱུར་བཟོ་ལས་ཁེ་ལས་ཡིན་པའི་ཆ་ནས། ང་ཚོས་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་དམ་དུ་དམིགས་ནས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུ་གཙོར་འཛིན་པ་དང་ལྗང་མདོག་ཐོན་སྐྱེད་ལག་རྩལ་གྱི་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམར་གཏོང་བའི་བསྒྱུར་བཀོད་དང་། དག་གཙང་ཐོན་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་ངེས་ཡིན། དེ་དང་མཉམ་དུ། ཚང་འཛོམས་གྲོས་ཚོགས་ཀྱི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཐོན་ལས་མ་ལག་འཛུགས་པའི་བླང་བྱར་དམ་པོར་དམིགས་ནས་བུལ་གཙང་མའི་ཐོན་ལས་ཀྱི་འབྲེལ་ཐག་ཆེ་རུ་གཏོང་བ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་པའི་ཐོན་ལས་མཉམ་བསྲེས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ། ཁེ་ལས་ཀྱི་ལྷད་མེད་ཚུལ་སྒྱུར་ལག་ལེན་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཐོན་ལས་ཀྱི་སྟོབས་ཤུགས་འབུལ་ངེས་ཡིན་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གལ་ཆེན་ལེན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གོམ་སྟབས་བརྟན་པོ་སྤོ་བ་སོགས་ཕྱོགས་བདུན་ཐད་ཀྱི་དམིགས་འབེན་གཙོ་བོ་བཏོན་པ་དང་། ཁུལ་ཁོངས་བགར་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་སྤེལ་དང་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཐོན་ལས་མ་ལག་བསྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཕྱོགས་གསུམ་ཐད་ནས་ཤུགས་ཆེན་པོས་མདུན་གྲལ་དུ་སྐྱོད་དགོས་ཞེས་ནན་གྱིས་བསྟན།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧན་ཧྲིན་མེན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་བདེ་བླག་ངང་བསྡུས་པ་དང་། ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་དང་ལས་འགན་ལ་དམིགས་ནས་འཆར་འགོད་བཟང་བོ་བྱེད་དགོས་པ་དང་། ལོ་རེ་བཞིན་གྲུབ་འབྲས་ལེན་པ་དང་ལོ་རེ་བཞིན་ཐོལ་བརྒལ་གསར་པ་ཡོད་པར་བྱས་ནས་སྐས་རིམ་རྣམ་པའི་སྐུལ་འདེད་གཏོང་བ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་དགོས་ཞེས་ནན་སྟོན་བྱས་པ་དེས་ང་ཚོའི་བྱ་བའི་ཐད་སྟོབས་དང་ལྡན་པའི་སྒུལ་ཤུགས་བསྩལ། ང་ཚོས་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་འགན་སྲུང་ཡིན་པར་ངོས་འཛིན་ཟབ་མོ་བྱས་ཏེ། ངེས་པར་དུ་ཏང་གི་འགོ་ཁྲིད་དེ་ཡུལ་ཚོ་དང་གྲོང་རྡལ་གྱི་བྱ་བའི་གོ་རིམ་ཧྲིལ་བོར་འདྲེས་པར་བྱས་ནས་ཇུས་ཆོད་བཀོད་སྒྲིག་སོ་སོ་གཞི་རིམ་དུ་དངོས་འབེབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཐོག་མཐར་བར་གསུམ་དུ་མི་དམངས་གཙོར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཡིད་ཚིམས་ཚད་དེ་བྱ་བའི་ཚད་ཤིང་དུ་བྱས་ཏེ་དམངས་ཚིས་དོན་དངོས་བཟང་བོར་སྒྲུབ་དགོས་ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞུའེ་ཧོན་ཀྲི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱིས་སེམས་ཤུགས་གཅིག་བསྡུས་དང་མི་ལ་སྐུལ་མ་ཐེབས་པར་བྱས་ནས་ང་ཚོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་སྟོན་བྱས། རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་མགྱོགས་མྱུར་སྒོས་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་ཐིག་ཏུ་བྱེད་པ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་སྒོས་འཕེལ་རྒྱས་གཏོང་བ་དང་སློབ་སྔོན་སློབ་གསོའི་ཁྱབ་གདལ་ཀུན་ཕན་དམིགས་འབེན་ལ་དམ་པོར་དམིགས་ནས་སློབ་གསོའི་ཁོར་ཡུག་ལེགས་བཅོས་དང་སློབ་གསོ་སློབ་ཁྲིད་བཅོས་སྒྱུར། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལེགས་བཅོས། སློབ་གསོའི་སྤུས་ཚད་མཐོར་འདེགས་སོགས་ལ་སྐུལ་འདེད་ནན་མོ་བཏང་སྟེ་སློབ་གསོ་འཕེལ་རྒྱས་ཀྱི་དཀའ་གནད་འབད་པས་ཐག་གཅོད་ངེས་ཡིན་ཞེས་བསྟན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཡེ་ཅིན་ཧྲན་གྱིས་བཤད་རྒྱུར། ང་ཚོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་འགོད་ལ་དམ་པོར་དམིགས་ཏེ་རྒྱུན་ཆད་མེད་པར་ཡུལ་བབ་དང་བསྟུན་ནས་གནད་ཕིགས་ཤུགས་འདོན་བྱས་ཏེ་རྩྭ་ཐང་འབྲོག་ཁུལ་ནས་ཐོན་ལས་གླིང་ཁུལ་བར་དང་། ཞིང་ཁ་ནས་གཞི་ཁུལ་སྲང་ལམ་བར་གང་ཡིན་ཡང་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རྒྱུ་གཙོར་འཛིན་ངེས་ཡིན། འཛེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་དང་སེ་འབྲུ་ལྟར་སྟོབས་ཤུགས་གཅིག་བསྡུས་བྱས་ན། ད་གཟོད་རླབས་ཆེན་འཆར་འགོད་དེ་མཐོ་སྒང་ས་ཁུལ་གྱི་འཕེལ་རྒྱས་ཕན་འབྲས་སུ་བསྒྱུར་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་ཐུབ་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།