གངས་འཁྱགས་ཡུལ་སྐོར་ལས་བྱུང་བའི་འཚོ་བ་དྲོན་མོ།
ཁུངས། མཚོ་སྔོ་་གསར་འགྱུར་དྲ་བ། ཀློག་གྲངས།

རྟར་ཞོན་ནས་ཡུལ་སྐོར་བར་ཐུན་མིན་གྱི་ཡུལ་སྐོར་མྱོང་བ་སྟེར་གྱིན་ཡོད་ལ། རྟར་ཞོན་པའི་དཔལ་འབྱོར་དེ་ལྗོངས་ཁུལ་གྱི་ཐོན་ལས་དགེ་མཚན་དུ་གྱུར་ཡོད།

གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ནས་བཤད་ན། མཛེས་ལྗོངས་ཁུལ་དུ་སྤྲོ་སྐྱིད་ཁང་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ངའི་བསམ་པར་གཉེར་སྐྱོང་གི་ཐད་ནས་སྔར་ལས་ཚད་ལྡན་ཅན་དུ་གཏོང་དགོས……”ཟླ1པའི་ཚེས12ཉིན་གྱི་ཕྱི་དྲོར། ངལ་ལས་སྤུས་རྟགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་རྟོག་ཞིབ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཞིག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་འཚོགས། གཏམ་བཤད་ལས་རིམ་ཁྲོད་དུ། གངས་རིའི་སྣེ་ཤན་ངལ་ལས་སྤུས་རྟགས་ཀྱི་ལས་གཉེར་འཐུས་མིའི་གྲས་ཤིག་ཡིན་པའི་ངོས་ནས། ལག་རྟགས་ཆ་ཚང་བཟུང་ནས་ལས་གནས་སུ་ཞུགས་ཏེ་དུས་ཚིགས་བཞི་བོར་འགན་སྲུང་བྱེད་མཁན་ཀྲོའུ་ཅན་ཧྥེང་གིས་རང་ཉིད་ཀྱི་ལས་ཀའི་ཁྲོད་ཀྱི་མྱོང་ཚོར་དེ་ཀུན་གྱི་མདུན་སར་བཤམས། གཞོན་ནུ་དེར་མཚོན་ནས་བཤད་ན། ལོ་གཅིག་གི་སྔོན་ལ་གངས་འཁྱགས་དཔལ་འབྱོར་དེ་རང་ཉིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད།

གངས་འདབས་ཀྱི་གཡང་ས་ཞལ་དཀར།

2024ལོའི་ཟླ6པའི་ཉིན་ཞིག་ལ། ན་གཞོན་ཀྲོའུ་ཅན་ཧྥེང་གིས་ཐབ་ཚང་གི་སྒེའུ་ཁུང་ནས་སྐུ་མགྲོན་ཨང་བརྒྱད་པ། ཐུག་པ་ལས་ཚར་ཡོད་ཅེས་ཟེར་ཞོར།

ཐུག་པ་ཕོར་གཅིག་སྐུ་མགྲོན་གྱི་ལག་ཏུ་བཞག ཁོས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་སུ་ཡོད་པའི་ཕྱེ་ཐུག་ཟ་ཁང་དེ་གར་ལོ་གཅིག་གི་རིང་ལ་ལས་ཀ་ལས་མྱོང་བ་དང་། ཐོག་མའི་ཟས་གཡོག་པ་ནས་ཕྱེ་ཐུག་སྐོལ་མཁན་དང་དེ་ནས་ད་ལྟ་ཕྱེ་ཐུག་བརྔོས་མ་ལས་སྲོལ་སློབ་བཞིན་འདུག

ངལ་གསོའི་སྐབས་དང་བསྟུན་ནས། ཀྲོའུ་ཅན་ཧྥེང་གིས་ཁ་པར་ལག་ཏུ་བླངས་ནས་བལྟས་མ་ཐག《ཁོ་མོའི་མི་ཚེ་ནང་གི་གངས་རི་ཐོག་མ》ཞེས་པ་དེ་མིག་ལམ་དུ་ངང་གིས་ལྷུང་ཡོང་བའི་མོད་ལ་ཕ་ཡུལ་གྱི་གངས་རི་དེའང་ཁོའི་ཀླད་པའི་ནང་དུ་དར་ཅིག་འཆར་མ་ཐག་པའི་སྐབས་དེར། “ཞའོ་ཀྲོའུ། སྐམས་ཤའི་ཐུག་པ་ཕོར་བ་གཅིག”ཞེས་འབོད་ཀྱིན་པའི་སྐད་ཆ་དེས་ཁོ་ཡང་བསྐྱར་སྟོང་འདང་ལས་མངོན་སུམ་གྱི་ཞིང་དུ་དྲངས་བྱུང་།

གངས་འཁྱགས་དཔལ་འབྱོར་ཞེས་པ་འདི་ང་ལ་འབྲེལ་བ་ཡོད་སྲིད་དམ། ཀྲོའུ་ཅན་ཧྥེང་གི་ཁྱིམ་ནི་མིན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་ཏ་ཐན་གྲོང་ཚོ་ཡིན། རི་བོ་གངས་དཀར་དང་བར་ཐག་སྤྱི་ལེ་ཉི་ཤུ་སུམ་ཅུ་ལས་མེད། ད་དུང་བསམ་བློ་ཞིབ་ཏུ་བཏང་མ་ཚར་བར་ན་གཞོན་དེས་གོམ་པ་རིང་ལེན་བྱས་ནས་ཕྱིར་ཐབ་ཚང་དུ་ལོག་སོང་།

དུས་མཚུངས་སུ། སྤྱི་ལེ150ཡི་ཕྱི་རོལ་དུ་ཡོད་པའི་རི་བོ་གངས་དཀར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་སྒོ་མདུན་དུ། མ་ཝུན་ཝེ་ཡིས་རི་ལས་མར་བབས་མ་ཐག་པའི་ཡུལ་སྐོར་བ་ཁྲིད་དེ་ཟི་ལིང་དུ་ཆས་སའི་རླངས་འཁོར་སྟེང་འདུག་ཏུ་འཇུག་བཞིན་ཡོད། རི་འདབས་སུ་ཁོའི་ཨ་ཕས་རྟ་ར་ཞིག་གཉེར་ཡོད། འདས་ཟིན་པའི་ལོ་འགའི་རིང་ལ། མ་ཝུན་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་དེ་གར་རོགས་རམ་བྱས་ཏེ། ཉིན་རེར་ཡུལ་སྐོར་བ་དང་ཡུལ་སྐོར་བའི་དངོས་ཟོག་རྟ་ཐོག་ཏུ་བཀལ་ནས་རི་རྩེ་དང་རི་ཞོལ་དུ་སྐྱེལ་བཞིན་ཡོད། ད་ལོའི་ལོ་འགོར། རྒྱུས་མེད་ཀྱི་ངོ་གདོང་སྔར་ལས་མང་པོ་ཞིག་གངས་རིའི་ཕྱོགས་སུ་བུང་བ་སྤྲིན་གྱི་ཚོགས་བཞིན་ངང་གིས་འདུ་བཞིན་ཡོད་ཅིང་། ཆུང་བྱིས་པའི་དུས་ནས་བཟུང་གངས་རི་མིག་གིས་འཚོས་ཏེ་འཚར་ལོངས་བྱུང་བའི་ན་གཞོན་དེར་མཚོན་ནས་བཤད་ན་དེང་གི་ཆར་བསམ་ཚུལ་གསར་པ་ཞིག་སྐྱེས་བཞིན་ཡོད་ཅིང་། བསམ་ཚུལ་གསར་པ་དེ་ནི་རང་ཉིད་གངས་རིའི་ཡུལ་སྐོར་གྱི་སྣེ་ཤན་པ་ཞིག་ཏུ་འགྱུར་རྒྱུ་དེ་རེད། སྐབས་ཐོག་འདིར་ཁོས་རྒྱུས་ཡོད་ཀྱི་སྤྲོ་སྐྱིད་ཁང་ཞིག་ཏུ་ལས་གཉེར་སྐོར་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། མི་རྣམས་ཀྱིས་རེ་ལྟོས་བྱེད་ས་ཞིག་ཡོད་པ་ནི། ཉིན་འགའི་སྔོན་ལ། མིན་ཡོན་རྫོང་ཐོག་ནས་མདོ་ལ་རི་བོ་ལས་རི་བོ་གངས་དཀར་གྱི་མཛེས་ལྗོངས་ཁུལ་དེ་མིན་ཡོན་རྫོང་མཁར་གྲོང་དངུལ་གཏོང་ཚད་ཡོད་འགན་འཁྲི་ཀུང་སིས་གསར་སྤེལ་དང་གཉེར་སྐྱོང་བྱ་རྒྱུར་དངོས་སུ་སྤྲད་པ་དེ་རེད། ཉིན་འདི་དག་གི་རིང་ལ། མཛེས་ལྗོངས་ཁུལ་གྱི་རྣམ་པ་སྒྱུར་བཀོད་དང་སྒྲིག་ཆས་རིམ་སྤོར་ཉིན་རེའི་ལས་རིམ་དངོས་ཀྱི་ཁྲོད་བཅུག་ཡོད།

ཡུལ་སྐོར་བ་རླངས་འཁོར་ས་ཚིགས་སུ་སྐྱེལ་སྐབས། ལམ་འགྲམ་དུ་ཕྱེ་ཐུག་ཟ་ཁང་ཞིག་མཐོང་ལམ་དུ་ཐོལ་གྱིས་རྒྱུ་ཡོང་ལ། མ་ཝུན་ཝེ་ཡིས་ཟ་ཁང་གི་སྒོ་ཕར་དེད་ནས་ནང་དུ་འཛུལ་བ་ན། རྒྱུས་ཡོད་ཀྱི་གྲིབ་གཟུགས་ཤིག་མིག་མདུན་དུ་མངོན་ཡོང་།

མ་ཝུན་ཝེ་ཡིས"ཀྲི་ཧྥེང་།"ཞེས་ཚོད་བགམ་དང་ལྡན་པའི་སྒོ་ནས་བོས་བྱུང་།

མི་དེས་མགོ་བོ་ཡར་བཀྱགས་ནས་ཕར་བལྟས་མ་ཐག ལག་ནང་གི་ཕོར་བ་ཐང་དུ་ལྷུང་ལ་ཁད་ཙམ་བྱས་པའི་མོད་ལ། ཁ་ནས་ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་ཕྱིར་ལན་བྱིན་སོང་།

ཀྲོའུ་ཅན་ཧྥེང་གིས་ཐུག་པ་ཕོར་གང་ལག་པས་བཟུང་ནས་ཐོན་པ་ན། མ་ཝུན་ཝེ་ཡིས་ཁ་པར་གྱི་ངོས་ནས་པར་དེབ་ལ་ལྟ་བཞིན་མཆིས། ཁ་པར་གྱི་འཆར་ངོས་སུ་རྔམ་བརྗིད་ལྡན་པའི་གངས་ཀྱི་རི་ཚོགས་ཕྲེང་དུ་བསྟར་འདུག མཉམ་པར་ཞིག་གི་ངོས་སུ། མ་ཝུན་ཝའེ་དང་སྒྲིག་ཆས་ཆེད་ལས་ཀྱི་རི་འཛེག་པ་ཁ་ཤས་དཔུང་པ་མཉམ་གཤིབ་ཀྱིས་ལངས་འདུག

“འདི་ནི།”

མ་ཝུན་ཝེ་ཡིས་ཕྱེ་ཐུག་ཕོར་བ་གང་བོ་དེ་ཚུར་ལེན་ཞོར་སྐད་གདངས་ལྷོད་པོའི་ངང་ནས། “ངས་རི་བོ་གངས་དཀར་ཡོད་ས་རུ་གངས་རིའི་སྣེ་ཤན་པ་ཞིག་ཨེ་འཁྱོངས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་བཞིན་ཡོད ”ཟེར་ཞིང་། སྤྲོ་སྣང་གི་ཚོར་བ་ཞིག་སྟེར། རྫོང་ཧྲིལ་བོ་རུ་ནུས་ཤུགས་ཡོད་རྒུས་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་གཏོང་བཞིན་ཡོད་པས། ངའི་བསམ་པར་གནས་འདི་རུ་ཡུལ་སྐོར་གྱི་ཚ་རླབས་ཆེན་པོ་ཞིག་རྒྱས་ཁོ་ཐག་ཡིན་ནི་རེད་ཟེར།

གསར་འགྱུར་ལས་སྤྱི་མཚན་དུ་གྱུར་པའི“གངས་འཁྱགས་དཔལ་འབྱོར”དེ། སྐབས་འདིར་ངོ་གདོང་ཉི་མར་བསྲེགས་ནས་དམར་པོར་གྱུར་ཡོད་ཅིང་མིག་མདངས་ཀྱི་ཁྲོད་དུ་རེ་བ་སྐུང་ཡོད་ལ། འཆར་ལེབ་ངོས་ཀྱི་གངས་རི་དཀར་པོ་བཅས་ཚང་མ་ཞིབ་ཕྲ་དང་དོན་དངོས། རླངས་པ་ཐོལ་ཐོལ། ཐ་ན་ལག་པས་རེག་རྒྱུ་ཡོད་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།

ཀྲོའུ་ཅན་ཧྥེང་གིས་ཡུལ་སྐོར་བ་ཁྲིད་ནས་རི་མགོར་འགོས་ཚེ། ངོ་མ་རང་གི་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་ཐུབ་བམ་ཞེས་སྐད་ཅུང་ཙམ་འགག་པའི་ངང་ནས་དྲིས།

མ་ཝུན་ཝེ་ཡིས་ཁ་ནང་གི་ཕྱེ་ཐུག་མིད་རྗེས་གཟུགས་པོ་སྔོན་ལ་བསྣུར་ཙམ་བྱས་ནས།  སྐད་དམའ་མོས་བཤད་རྒྱུར། རྗེས་མར་རང་གིས་ཡུལ་སྐོར་བའི་སྣེ་ཁྲིད་ན། ཐེངས་གཅིག་ལ་སྒོར་སྟོང་གཅིག་ལྷག་བཙལ་ཐུབ་ཅེས་ཟེར་བ་དང་། ཀྲོའུ་ཅན་ཧྥེང་གིས་གྱོན་པའི་པང་ཁེབས་ལ་བལྟས་རྗེས། མ་ཝུན་ཝེ་ཡིས་ཅུང་ནན་ཏན་སྒོས། ད་སྐབས་ཕ་ཡུལ་དུ་འཕེལ་རྒྱས་ཀྱི་གོ་སྐབས་འདི་འདྲ་མང་པོ་ཡོད་པས། ཁྱོད་ཕྱིར་ཡོང་ནས་ཚོད་ལྟ་ཞིག་མི་བྱེད་དམ་ཞེས་དྲིས།

ཟླ་ཕྱེད་ལྷག་འགོར་རྗེས། ཀྲོའུ་ཅན་ཧྥེང་རེས་འཁོར་ལ་བསྡད་དེ་ཕྱིར་ཕ་ཡུལ་མིན་ཡོན་ལ་ལོག་རྒྱུ་བྱས།

གངས་རིའི་གཟི་བྱིན་ལས།  གནམ་སའི་འགྱུར་ལྡོག་གླེང་།

སྣུམ་ལམ་བདེ་མོ་ཞིག་རི་འདབས་ཀྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་འཐེན་ཡོད། རླངས་འཁོར་འབབ་ཚིགས་སུ། ཀན་སུའུ་དང་ཧྲན་ཞི། ཀོང་ཏུང་།  ཅང་སུའུ་སོགས་ས་གནས་ཀྱི་རླངས་འཁོར་འཁོར་རྟགས་མང་པོ་ཡོད་ཅིང་། དབྱངས་དབུགས་དམ་བེ་དང་རླུང་འགོག་ལྭ་བ་བཙོངས་སའི་སྒོ་བྱང་གང་སར་ཡོད་པར་མ་ཟད། ས་གནས་མི་འདྲ་ཞིང་སྐད་རིགས་མི་འདྲ་བས་གངས་འདབས་སུ་ལྗོངས་རྣམ་གསར་བ་ཞིག་བསྣན་ཡོད།

སྔོན་ཆད་མ་ཝུན་ཝེ་ཡིས་འདི་དག་བཤད་པ་གོ་མྱོང་མོད། འོན་ཀྱང་དངོས་སུ་མཐོང་དུས་ཚོར་བ་མི་འདྲ་བ་ཞིག་སྟེར་ཡོང་།

མ་ཝུན་ཝེ་ཡིས་རི་མགོར་འགོས་པའི་ཡོ་བྱད་མང་པོ་འཁུར་བའི་གངས་འཁྱགས་ལུས་རྩལ་ལ་དགའ་མོས་ཡོད་མཁན་དག་དང་ཅུང་ཐག་ཉེ་སའི་ལས་སྐྲུན་ཡུལ་དངོས་སྟོན་ཞོར་བཤད་རྒྱུར། ཡུལ་སྐོར་ཅུས་ཁོ་ན་མ་ཡིན་པར། འགྲིམ་འགྲུལ་ཅུས་ཀྱིས་ལམ་ཞིག་གསོ་བྱེད་ཀྱིན་ཡོད་ལ། དྲིལ་སྒྲོག་པུའུ་ཡིས་དྲིལ་སྒྲོག་བརྙན་ཕབ་ཀྱིན་ཡོད་པར་མ་ཟད། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དུ་བུད་མེད་ལས་བཟོ་བ་བཀོད་སྒྲིག་བྱས་ཡོད་པ་དང་། མཁོ་འཚོང་མཉམ་ལས་ཁང་གིས་ཀྱང་ང་ཚོ་མིན་ཡོན་ས་གནས་ཀྱི་ཤ་སྐམས་དང་འོ་སྤྲི་སོགས་ལྗོངས་ཁུལ་དུ་བཤམས་འདུག འདི་ནི་རྫོང་ཡོངས་ཀྱི་ནུས་པ་ཡོད་རྒུས་བཏོན་ནས། གངས་རིའི་ལྗོངས་རྣམ་གྱི་ཡུལ་སྐོར་ཇེ་ལེགས་སུ་བཏང་བ་ཞིག་རེད་ཅེས་ཟེར། 

སྲིད་གཞུང་གིས་གཙོ་ཁྲིད་དང། སྡེ་ཁག་མཐུན་སྦྱོར། དམངས་ཡོངས་ཟབ་ཞུགས་བཅས་ཀྱི་ཐ་སྙད་གསར་བ་འདི་དག་གོ་རྗེས། ཀྲོའུ་ཅན་ཧྥེང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་སོང་ནས་གྱང་ངོས་སུ་སྦྱར་བའི་ལྗོངས་ཁུལ་གྱི་ལམ་ཐིག་རི་མོར་བལྟས། ད་ལྟ། ཁོ་རང་རྒྱུས་མངའ་ཆེ་བའི་གངས་རི་འདིར་མཚོ་འཕགས་མཐོ་དམའ་འོས་འཚམ་ཡིན་ལ། གངས་མཐུག་པ། བརྒྱུད་ལམ་སྟབས་བདེ་ཡིན་ཞིང་སྦྱོང་བརྡར་བྱེད་པར་འཚམ་པ་བཅས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་ལྡན་པས། མི་ཚེའི་སྟེང་ཐོག་དང་པོར་འགོས་པའི་གངས་རི་ཞེས་པའི་མིང་བྱང་མང་པོ་བཏགས་ཡོད།

ཁོའི་འགྲམ་དུ། ལོ་ན་གཞོན་པའི་གངས་རིའི་སྣེ་ཤན་པས་ཡུལ་སྐོར་བར་ཡོ་བྱད་གང་དག་མཁོ་བགསལ་བཤད་བྱེད་ཀྱིན་ཡོད་དེ། ཁོའི་བྱ་བྱེད་སྤྱོད་སྟངས་ལས་ཡིད་ཆེས་ཀྱི་ཉམས་ཀྱིས་ཁེངས་འདུག རྣམ་པ་འདི་ལས་ཀྲོའུ་ཅན་ཧྥེང་གི་ཡིད་ཀྱི་ཐེ་ཚོམ་མ་ལུས་སེལ་བར་བྱས་ཡོད།

ཀྲོའུ་ཅན་ཧྥེང་གིས་མ་ཝུན་ཝེ་ཡིས་རྗེས་སུ་འབྲངས་ནས་མཚོ་འཕགས་སྨི་སྟོང་ལྔ་དང་ལྔ་ཅན་གྱི་རྩེ་གསུམ་རི་ནས་སྦྱོང་བརྡར་བྱས་པ་སྟེ། ཡང་དང་བསྐྱར་དུ་རི་མགོར་འགོ་བ་དང་རི་འདབས་སུ་ཐུར་འབབ་པ། ཡང་རི་མགོར་འགོ་བ་ལ་སོགས་པའི་སྦྱོང་བརྡར་བྱས། དགོང་མོར། ཀྲོའུ་ཅན་ཧྥེང་མལ་ཁྲིའི་སྟེང་ཉལ་ནས་ལུས་ཡོངས་ན་ཟུག་གིས་སྦྲིད་པར་བྱས་ཀྱང་། ཁོང་གིས་ད་རུང་སློབ་སྦྱོང་བྱེད་དགོས་སའི་གཙོ་གནད་དེ་ཡོ་བྱད་ལ་ཇི་ལྟར་ཞིབ་བཤེར་བྱེད་པ་དང་། གང་དག་ལ་དོ་སྣང་བྱེད་དགོས་པ། གློ་བུར་གནས་ཚུལ་ཇི་ལྟར་ཐག་གཅོད་བྱེད་པ་སོགས་ལ་འདང་རྒྱག་བཞིན་ཡོད་ཅིང་། འདི་ནི་ཕྱི་ཕྱོགས་ནས་ལོ་མང་པོར་ལས་ཀ་བསྒྲུབ་མྱོང་བའི་ན་གཞོན་འདིར་སྔར་བྱུང་མྱོང་མེད་པའི་སེམས་ཀྱི་བདེ་སྐྱིད་ཅིག་ཡིན།

2024ལོའི་ཟླ10པར། ཀྲོའུ་ཅན་ཧྥེང་དང་མ་ཝུན་ཝེ་ཡིས་མཚོ་སྔོན་ཞིང་ཆེན་རི་འགོས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རི་མཐོའི་མཉམ་ལས་གསབ་སྦྱོང་ཐེངས་བཞི་པའི་རྒྱུགས་བཤེར་ལས་རྒྱུགས་འཕྲོད་པ་དང་། དཔང་ཡིག་དེས་ཁོ་གཉིས་ལ་ལམ་སྟོན་པའི་ཐོབ་ཐང་སྤྲད་པར་མ་ཟད། གངས་རིའི་ཡུལ་སྐོར་སྣེ་ཤན་པའི་འགན་འཁྲི་ལྕི་མོ་ཞིག་ཀྱང་སྤྲད་ཡོད།

ཐེངས་ཤིག མ་ཝུན་ཝེ་ཡིས་རྩེ་གསུམ་རི་བོར་ཆེད་དུ་ཡུལ་སྐོར་ལ་ཡོང་བའི་སློབ་ཆེན་སློབ་མ་གཉིས་ཁྲིད་ནས་རི་མགོར་འགོས་མགོ་བརྩམས། ལམ་ལ་ཆས་མ་ཐག་ཏུ་ཡོད་ཚད་བདེ་བླག་ཅིག་ཡིན་མོད། འོན་ཀྱང་རི་རྩེར་སླེབས་ལ་ཉེ་དུས། དེ་ལས་སློབ་མ་བུ་ཚ་ཞིག་གི་ལུས་དྲོད་ཉམས་ནས་ངོ་མདོག་སྐྱ་བོར་གྱུར་བ་དང་། རྐང་བ་གཉིས་ཀྱི་ཚོར་བ་ཉམས་པར་གྱུར། མ་ཝུན་ཝེ་ཡིས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་སློབ་མའི་འཇུར་རྟ་ཕུད་དེ། རྐང་བ་འཁྱགས་པ་དེ་ཁོའི་རུམ་ལ་བཅུག་ནས་དྲོས་སུ་བཅུག གྲང་ལྷགས་ཧ་ཅང་རྒོད་ཅིང་། དུས་ཚོད་ཀྱང་ཆུ་བོའི་བཞུར་རྒྱུན་དང་འདྲ་བར་རྒྱང་དུ་བཞུད་པ་དང་བསྟུན་ནས། སློབ་མ་བུ་དེར་དྲོད་རྒྱས་ནས་ངོ་མདོག་ཇེ་ཡག་ཏུ་གྱུར་བར་བརྟེན། ཁོང་གསུམ་པོ་ད་གཟོད་ལག་རྡང་སྦྲེལ་ནས་རི་རྩེར་འགོས་པ་རེད།

དོན་དག་དེས་མ་ཝུན་ཝེ་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་ལ། ཀྲོའུ་ཅན་ཧྥེང་གིས་འགན་འཁྲི་ཞེས་པའི་མིང་བརྡ་ལ་ཡང་བསྐྱར་གོ་བ་ཟབ་མོ་ཞིག་ལེན་ཐུབ་ཡོད། དུས་རྒྱུན་སྤྲོ་དགའ་ཅན་གྱི་ཁོ་ལ་མཚོན་ན་ཡང་། ནམ་རྒྱུན་ལམ་ལ་ཆས་ཁར། ཞིབ་བཤེར་གསལ་ཁྲ་གཞན་ལས་མང་བ་སྟེ། གྲ་སྒྲིག་བྱས་པའི་རྐང་འབོབ་སྐམ་པོ་ཡིན་མིན་དང་། ལབ་པར་གྱི་གློག་རྡེའུ་འདང་མིན་སོགས་ལ་ཡང་དང་བསྐྱར་དུ་ཞིབ་བཤེར་བྱེད་བཞིན་ཡོད། ཉེན་ཁ་ཆེ་སར་བརྒྱུད་དུས། ཁོས་ཡང་དང་བསྐྱར་དུ་མངགས་བཅོལ་བྱེད་ཀྱིན་ཡོད་ལ། བདེ་འཇགས་ཀྱི་རང་འགུལ་དབང་ཆ་དེ་སྔར་ལས་དམ་པོར་འཛིན་ཆེད། ཁོས་སྒེར་ནས་སློབ་སྦྱོང་བྱས་ཏེ་རྒུད་སྐྱོབ་དཔང་ཡིག་བླངས་ཡོད།

ཆེད་ལས་རྩལ་ནུས་མཐོར་འདེགས་ཕྱིན་པའི་འགྱུར་ལྡོག་ལས་གཞན། ལུས་ཕུང་བདེ་པོ་མིན་རུང་སེམས་ནས་བློས་མི་ཐོངས་པའི་ཡུལ་སྐོར་བར་དམིགས་ནས། སྔོན་ཆད་ཡུལ་སྐོར་བའི་དགོས་མཁོར་ཉན་པའི་ཀྲོའུ་ཅན་ཧྥེང་གིས་རང་གི་དམིགས་བསལ་དགེ་མཚན་མངོན་པ་སྟེ། ཁོས་བཙན་གྱིས་ཁ་ཏ་མི་བྱེད་པར་ཛ་དྲག་ཆེ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ལག་བསྟར་བྱས་ཆོག་པའི་གྲ་སྒྲིག་བྱེད་ཐབས་སྤྱོད་བཞིན་ཡོད། གངས་རི་ནམ་ཡང་གནས་འདིར་ཆགས་ཡོད་ལ། མི་ཚེ་ཐེངས་གཅིག་ལས་མེད་པས། ཐེངས་རྗེས་མར་ངས་ངེས་པར་དུ་ཁྱོད་ཁྲིད་ནས་རི་རྩེར་འགོས་སྲིད་ཅེས་པའི་ཆེད་ལས་དང་བརྩེ་སེམས་ལྡན་པའི་འབྲེལ་འདྲིས་ཀྱིས་གཞན་གྱི་ཨུ་ཚུགས་ཀྱི་བློ་ཁ་བསྒྱུར་ནས་ཡིད་ཆེས་ཐོབ་ཐུབ་པར་མ་ཟད། ཁོས་ཁྲིད་པའི་རུ་ཁག་དེ་ཆེས་བདེ་འཇགས་དང་ཆེས་ཡིད་སྤྲོ་བའི་ངང་གངས་རིའི་རྩེ་རུ་འགོ་ཐུབ།

“གངས་འཁྱགས་ཀྱི་ཟས་ཕོར”ལག་ཏུ་བསྣམས།

སྣེ་ཁྲིད་དཔུང་ཁག་སྔར་ལས་ཆེད་ལས་ཅན་དུ་གྱུར་བའི་དུས་འདིར་ཁོ་ཚོའི་རྐང་འོག་གི་གངས་འཁྱགས་ཀྱི་འཇིག་རྟེན་འདིའང་དུས་རབས་ཀྱི་ཚ་རླབས་དང་བསྡོངས་ནས་མི་སྔར་ལས་མང་པོས་ཤེས་བཞིན་ཡོད། 

2024ལོའི་ལོ་སྨད་དུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཕལ་བ་མི་ཐེངས་སུམ་འབུམ་དགུ་ཁྲི་བཞི་སྟོང་ཆིག་བརྒྱ་དང་རི་འཛེགས་ཡུལ་སྐོར་བ་མི་ཐེངས་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་སྣེ་ལེན་བྱས།     འགྲུལ་རྒྱུན་འབོར་ཆེན་གྱིས་རྒྱུ་ནོར་འབོར་ཆེན་ཁྱེར་ཡོང་སྟེ་ས་གནས་ཀྱི་ལས་ཞུགས་ཡོང་འབབ་འཕར་དུ་བཅུག “བཤམས་ཚོང་དཔལ་འབྱོར།” “ཞོན་རྟ་དཔལ་འབྱོར།” “གངས་རིའི་སྣེ་ཁྲིད་དཔལ་འབྱོར”བཅས་ཐོན་ལས་མུ་ཕྲེང་ནི་ཡུན་རིང་ལ་གནས་པའི་གངས་འཁྱགས་འདི་དང་འདྲ་བར། མཛེས་ལྗོངས་ཁུལ་ལྟེ་བར་བྱས་ནས་མཐའ་འཁོར་གྱི་སྡེ་བ་དང་མཁར་གྲོང་དུ་མཆེད་དེ།     ཉེ་འཁོར་གྱི་མི་སྟོང་ཕྲག་ཁ་ཤས་ལ་སྐུལ་ཁྲིད་བྱས་ནས“གངས་འཁྱགས་ཀྱི་ཟས་ཕོར”བསྣམས་པ་རེད།

2025ལོའི་ཟླ3པར་མ་ཝུན་ཝེ་ཡིས་མིན་ཡོན་རྫོང་མེ་ཏོག་གི་ཞིང་ཁམས་ཕྱི་རོལ་ཉེན་བརྟག་མྱུལ་དཔྱད་སྤྲོ་སྐྱིད་ཁང་དངོས་སུ་ཐོ་འགོད་བྱས།     ས་གནས་ཀྱི་ཕྱི་རོལ་གྱི་ཉེན་བརྟག་མྱུལ་དཔྱད་སྤྲོ་སྐྱིད་ཁང་ཐོག་མ་ཡིན་པའི་ཆ་ནས་ལས་འགོ་བཙུགས་ནས་ཟླ་གཉིས་ཙམ་རིང་འགྲུལ་བ400ལྷག་སྣེ་ལེན་བྱས། ཟླ5པར་སྤྲོ་སྐྱིད་ཁང་འཕེལ་རྒྱས་ཀྱི་འགག་རྩ་རུ་སླེབས་ཏེ།   ཧྲན་ཞིའི་སློབ་ཆེན་ཞིག་གི་སློབ་མ76སྣེ་ལེན་བྱས་པ་མ་ཟད།     ད་དུང་ལོ4རིང་གི་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད།   དེའི་རྗེས་ས་གནས་སྲིད་གཞུང་གིས་མཚམས་སྦྱོར་བྱས་པ་བརྒྱུད།   པེ་ཅིང་གི་མཐོ་རིམ་སློབ་གྲྭ་མང་པོ་ཞིག་གི་སློབ་མའི་ཚོགས་པ་ཡང་གནས་འདིར་བཀུག་པ་རེད།

དུས་ཡུན་ཐུང་ངུ་ཟླ་འགའ་ཤས་རིང་སྤྲོ་སྐྱིད་ཁང་གི་ཚོགས་པ་ནི་མི16བར་ཇེ་མང་དུ་ཕྱིན་པ་དང་། ཚང་མ་ས་གནས་ཀྱི་ན་གཞོན་ཡིན་པ་རེད།     ཚོང་ལས་དར་རྒྱས་ཆེ་བའི་རྒྱབ་ལོགས་ཏུ་འགན་འཁྲི་དང་འགན་ཁུར་ལྗིད་པོ་ཞིག་ཀྱང་ཡོད་ལ།     སྤྲོ་སྐྱིད་ཁང་གིས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་ནི་རི་ལ་འགྲོ་ཐེངས་རེར་ངེས་པར་དུ་གད་སྙིགས་ཁུག་མ་འཁྱེར་དགོས་པ་དང་།     རང་གི་གད་སྙིགས་དང་ལམ་བར་གྱི་གད་སྙིགས་ཚང་མ་རི་ནས་འབབ་དུས་འཁྱེར་ཡོང་དགོས་པ་རེད།    

2026ལོའི་སྤྱི་ལོ་གསར་ཚེས་སྐབས་སུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཉིས་ཁྲི་བཞི་སྟོང་ལྔ་བརྒྱ་སྣེ་ལེན་བྱས་ནས་ཡང་བསྐྱར་མཐོ་ཤོས་བཏོད།     མ་ཝུན་ཝེ་ཡི་སྤྲོ་སྐྱིད་ཁང་དུ་ཡང་རི་འཛེགས་ལ་དགའ་མཁན87ཡོང་བ་དང་།     དྲོད་ཁོལ་གྱིས་ཕྱུག་པའི་དུས་འདིར་ཚང་མ་ལྷན་དུ་འཛོམས་ནས་ལོ་གཅིག་རིང་གི་གྲུབ་འབྲས་དང་འཚར་ལོངས་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྗོད་པ་རེད།    

“ཡར་སྔོན་ས་གནས་སོ་སོར་ཞོར་ལས་ལ་སོང་བ་ཡིན་ལ། ལོ་གཅིག་ལྷག་གི་རིང་དུ་ཡུལ་ལ་ཡོང་མི་ཐུབ”ཟེར། ཆིང་ཧྲི་ཙུའེ་གྲོང་རྡལ་ཧེ་ཧྲི་ཐེ་སྡེ་བའི་ཧོས་རིགས་གསར་བུ་མ་ཡན་པའོ་ནི་ན་ནིང་གི་ཟླ3པར་སྤྲོ་སྐྱིད་ཁང་དུ་ཞུགས་པ་དང་ད་ལྟ་ཅུང་ཉམས་མྱོང་ལྡན་པར་གྱུར་ཡོད།

“ང་ལོ32ཡིན།  ད་རུང་ཚ་རླབས་འདིའི་རྗེས་སུ་ཆོད་ཐུབ་པ་བསམ་ཡུལ་ལས་འདས་སོང་།  ཟླ་རེར་སྒོར་ཁྲི་གཅིག་ལྷག་བཙལ་ཐུབ་པས་མགོ་བོ་དགྱེས་ཆོག་ཆོག་ཡིན”ཟེར། ཞོན་རྟ་རུ་ཁག་གི་ལས་གནས་སྤར་ནས་སྤྲོ་སྐྱིད་ཁང་ལ་ཐོན་པའི་མ་ཐེན་མིང་གིས་སེམས་འགུལ་ཆེན་པོ་ཐེབས་ནས་དེ་ལྟར་བཤད།

“གལ་ཆེ་ཤོས་ནི་ང་ཚོས་བསྒྲུབས་པའི་བྱ་བ་ལ་དོན་སྙིང་ཡོད་པ་དང་།     ཕ་ཡུལ་གྱི་མཛེས་སྡུག་ཕྱི་རོལ་ལ་མངོན་ཡོད”ཟེར། མ་ཞའོ་ལུང་གིས་ཉིན་རྒྱུན་རུ་ཁག་གི་སྣེ་ཁྲིད་བྱེད་སྐབས།     ཡུལ་སྐོར་བ་ཚོར་མཚོ་སྔོན་གྱི་དབྱར་དུས་ཀྱི་མཛེས་ལྗོངས་ངོ་སྤྲོད་བྱེད་རྒྱུར་ཧ་ཅང་དགའ།     མིན་ཡོན་གྱི་ལོག་དཀར་མེ་ཏོག་གི་ཞིང་ཁམས་དེ་མི་ཚང་མར་ངེས་པར་དུ་འོས་སྦྱོར་བྱེད་པའི་ཁྱད་ཆོས་ལྡན་པའི“མིང་བྱང”ཞིག་ཡིན།    

སྒོར་མོ་གསོག་པ་དང་རླངས་འཁོར་ཉོས་པ། ཕ་མར་སྒོར་མོ་བསྐུར་བ་སོགས་ཁོ་ཚོའི་མཉམ་སྤྱོད་དག་དོན་ལ་བབས་ཡོད་པ་དང་།  མཛེས་ལྗོངས་ཁུལ་གྱི་འགྱུར་ལྡོག་གིས་མི་རྣམས་ཀྱི་ངར་ཤུགས་ཆེ་རུ་སྐུལ་བཞིན་ཡོད།    རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གདེང་འཇོག་ཐོབ་པ་མ་ཟད།   མཚོ་སྔོན་པོ་དང་མཉམ་འགུལ་བྱས་ཏེ“མཚོ་སྔོན་པོ་སྟེ་གངས་དཀར་མཐོ་སྒང་ཕྱི་རོལ་གྱི་དམིགས་སའི”སྣང་བརྙན་ཧྲིལ་པོ་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ཕྱི་རོལ་འགུལ་སྐྱོད་དམིགས་ས་སྐོར་ཁག་དང་པོར་བདམས། ཁ་བརྡ་བྱས་ནས་མཚམས་འདིར་ཐོན་དུས།     མ་ཝུན་ཝེ་ཡིས་དགོད་བཞིན་དུ་ཁ་པར་ལེན་དུས་འཆར་ཤེལ་ཐོག་གི་གཞི་གྲངས་དེ་མིག་ལ་ཤིན་ཏུ་གསལ་བ་ཞིག་བྱུང་།      དེ་ནི2025ལོར་རི་བོ་གངས་དཀར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མི་ཐེངས་དགུ་འབུམ་ལྔ་ཁྲི་བརྒྱད་སྟོང་དྲུག་བརྒྱ་སྣེ་ལེན་བྱས་ཤིང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་བྱེ་བ་བདུན་ས་ཡ་གཅིག་བརྒྱད་འབུམ་དགུ་ཁྲི་ལྔ་སྟོང་བཏང་བ་རེད།    

མ་ཝུན་ཝེ་ཡིས་ཀྲོའུ་ཅན་ཧྥེང་ལ་ལྟ་ཞོར། “དང་ཐོག་ངས་ཕྱེ་ཐུག་ཁང་ནས་ཁྱོད་ལ་བཤད་པའི་སྐད་ཆ་དེ་དྲན་ནམ”ཟེར།   

ཀྲོའུ་ཅན་ཧྥེང་གིས་དྲན་པའི་བརྡ་ལ་མགོ་བོ་གུག་གུག་བྱས།    སྐབས་དེར་ཁོས་མ་ཝུན་ཝེ་ཡིས་ཁོ་ལ་ལབ་རྒྱག་གི་ཡོད་པར་བསམ།     གངས་རི་འདིས་ཁོ་ཚོའི་མི་ཚེའི་རྗེས་ཤུལ་ལ་འགྱུར་ལྡོག་བཏང་བ་མ་ཟད།     ཁོ་དང་གྲོགས་པོ་ཚོ་ཕ་ཡུལ་གྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་མྱོང་མཁན་དང་ཟབ་ཞུགས་མཁན་ཞིག་ཏུ་གྱུར་པར་མ་ཟད།     ཕ་ཡུལ་འགྱུར་ལྡོག་གི་བདེན་དཔང་མཁན་ཞིག་ཏུའང་གྱུར་བ་རེད།

གངས་འཁྱགས་ཀྱང་གསེར་རི་དངུལ་རི་ཡིན། སྒེའུ་ཁུང་གི་ཕྱི་རོལ་དུ་རི་བོ་གངས་དཀར་ནི་སྨག་ནག་པའི་མཚན་མོའི་ཁྲོད་དུ་ཀྲོང་ངེར་འགྱིངས་ཡོད་པ་དང་།     གནའ་ནས་བཟུང་རི་རྒྱལ་ལྷུན་པོ་འདིའི་ལྟེབ་གཉེར་གངས་འཁྱགས་ཀྱིས་གཡོགས་ཡོད་ལ།     དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་བར་མར་ཆག་ཡོད།     རི་སྐེད་དུ་གནས་པའི་རི་འཛེག་སྒར་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་།   རི་འདབས་ཀྱི་དམངས་ཤག་གི་སྒེའུ་ཁུང་ནས་དྲོད་ཁོལ་གྱི་འོད་སྣང་འཕྲོས་ཡོང་།   དེ་བས་ཀྱང་ཐག་རིང་གི་འཇའ་ཚོན་གློག་སྒྲོན་དེས་རྫོང་མཁར་གྱི་སྤྱི་ཁོག་རྣམ་པར་བརྒྱན་ཡོད།   འདི་ནི་གཉིད་དུ་ཡུར་བའི་གངས་འཁྱགས་ཐོན་ཁུངས་དེ་དུས་རབས་ཀྱིས་སད་དུ་བཅུག་པའི་བཀྲག་མདངས་ཡིན་ལ། མཐོ་སྒང་ས་གཞི་ཆེན་པོའི་སྟོབས་ཤུགས་དང་ཉམས་པ་མེད་པའི་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་ཀྱང་ཡིན། 

བན་དེ་སྐྱབས་དང་། ལྷ་མོ་འཚོ། མཚོ་མོ་སྐྱིད་བཅས་ཀྱིས་བསྒྱུར།