འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་ཁྲོད་འཕེལ་རྒྱས་འཆར་འགོད་བྱེད་དགོས།
ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས།

—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ”དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་དང་།“རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གཏོང་བ”དེ་དམིགས་འབེན་གཙོ་བོའི་གྲས་སུ་བཞག་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ནས་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དེས། བདེ་འཇགས་ཀྱི་ཆགས་སྟངས་གསར་པས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་འགན་སྲུང་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་ཐད་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན།

འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། སེམས་ཁྲལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་སྡོད་ཉེན་བསམ་བྱ་ཐུབ་པ་བཅས་ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལེགས་པར་བསྒྲུབས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ་ཉེན་ཁ་སེལ་བ་དང་དཀའ་ངལ་ལས་བརྒལ་བ། འགྱུར་བ་དང་བསྟུན་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡིན་པའི་ངོ་མཚར་ཆེན་མོ་གཉིས་ཀྱི་ལེའུ་གསར་པ་བྲིས། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།“མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྤྱིར་བཏང་མིན་པའི་དཔལ་འབྱོར་ཚུལ་སྒྱུར”མངོན་འགྱུར་བྱུང་བ་དང་ཆབས་ཅིག“འཛམ་གླིང་སྤྱིས་ཁས་ལེན་པའི་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག”ཏུ་གྱུར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། འབྲུ་རིགས་བདེ་འཇགས་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཡིན་པ་གཏན་འཁེལ་བྱས་པ་དང་། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་དུ་མཐོར་འདེགས་བྱུང་སྟེ། ལོ་རེའི་ཐོན་ཚད་ཐོག་མཐའ་བར་གསུམ་དུ་རྒྱ་མ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཡན་རྒྱུན་འཁྱོངས་བྱས། ནུས་ཁུངས་བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཏུ་བརྩིས་ཏེ། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་ནས། འཛད་སྤྱོད་འཕར་ཚད90%ཡན་རྒྱལ་ནང་གིས་རང་བདག་འགན་སྲུང་ཐུབ་པ་མངོན་འགྱུར་བྱུང་། དཔལ་འབྱོར་དང་དངུལ་རྩའི་ཁྱོན་ཡོངས་བརྟན་བརླིང་སྲུང་སྐྱོང་ལ་དམིགས་ནས། ཉེན་ཁ་ཆེན་པོ་ཐག་གཅོད་པའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རྩ་ལག་མཉམ་བཅོས་ཀྱིས་ས་ཁང་བདག་ཁོངས་དང་། ས་གནས་བུ་ལོན། དངུལ་རྩའི་ལས་ཁུངས་འབྲིང་ཆུང་སོགས་ཀྱི་ཉེན་ཁ་ཐག་གཅོད་བྱས། བཀག་སྡོམ་དང་། ཚོད་འཛིན། གནོན་ཤུགས་བཅས་ལ་ཁ་གཏད་དེ། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་གི་དོན་དག་ལེགས་པོར་སྒྲུབ་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་བཟུང་བ་སོགས་ཀྱི་ལག་ལེན་ལས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད་ལ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་རྒྱང་སྐྱོད་བྱེད་པར་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་ར་སྤྲོད་བྱས་ཡོད།

དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་བ་ཆེ་ཞིང་ཟང་ཟིང་དུ་གྱུར་ཡོད། མ་འོངས་པའི་ལོ་ལྔའི་རིང་།རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ངེས་གཏན་མིན་པ་དང་སྔོན་དཔག་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱི་ལས་འགན་སྔར་ལས་ལྕི། ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བཏོན་ཡོད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བར་དམིགས་ནས། སྔོན་ཐོན་འཐབ་འཛིང་ནུས་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་རྒྱུ་བཅས་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་དངོས་གནས་ལག་ལེན་མཐར་ཕྱིན་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་ལས་སྒྲོལ་བ་དང་། ཉེན་ཁར་འཐབ་པ། འགྲན་སློང་བསུ་བ་བཅས་བྱས་ན། ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་སྔོན་འགོག་དང་སེལ་བར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཉེན་གཤིས་ཇེ་དྲག་ཏུ་གཏོང་ཐུབ།

བདེ་འཇགས་ནི་མི་དམངས་བདེ་སྐྱིད་ཀྱི་སྲོག་རྩ་ཡིན། འདི་རུ“ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན”དཔེར་བཟུང་ནས། འཕེལ་རྒྱས་ཁྲོད་བདེ་འཇགས་ཇི་ལྟར་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་ཁྲོད་འཕེལ་རྒྱས་ཇི་ལྟར་དོན་དུ་གཉེར་བའི་ཐད་ཀྱི་གོ་བ་ཇེ་ཟབ་ཏུ་གཏོང་དགོས།

གཞི་གྲངས་ལས། རང་རྒྱལ་ནི་འཛམ་གླིང་དུ་མི་གསོད་གྱོད་གཞི་བྱུང་ཚད་ཆེས་དམའ་བ་དང་། ཉེས་དོན་ཉེས་གསོག་ཚད་ཆེས་དམའ་བ། མེ་མདའ་དང་འབར་གས་ཀྱི་གྱོད་གཞི་ཆེས་ཉུང་བའི་རྒྱལ་ཁབ་ཀྱི་གྲས་རེད།《2025ལོའི་གོ་ལ་ཧྲིལ་པོའི་བདེ་འཇགས་སྙན་ཞུ》ལས། ཀྲུང་གོ་ནི་འཛམ་གླིང་གི་ཆེས་བདེ་འཇགས་ཡིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་ཞིང་། ཀྲུང་གོའི་མང་ཚོགས་ཀྱི་བདེ་འཇགས་ཚོར་བའམ་ཀྲུང་གོའི“བཅའ་ཁྲིམས་དང་སྒྲིག་ལམ་སྟོན་གྲངས”ཀྱི་ཨང་རིམ་གང་ཡིན་རུང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡོད་ཚད་ལས་ཆེས་ཆེར་བརྒལ་ཡོད་པར་བསྟན་ཡོད། བདེ་འཇགས་ནི་རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་ཇི་ལྟར་གྱུར་པ་རེད། ལག་ལེན་ལས་ང་ཚོར་བསྟན་དོན། ཀྲུང་གོས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་མངོན་འགྱུར་བྱས་པ་ནི་ལམ་ལུགས་ལ་བརྟེན་པ་ཡིན་ཞིང་། ང་ཚོའི་རྒྱལ་ཁབ་བཅོས་སྐྱོང་ཐད་ཀྱི་ཚད་ལས་འདས་པའི་ནུས་པ་ལ་བརྟེན་པ་རེད།

དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གིས་མི་རེ་རེར་འགན་འཁྲི་ཡོད་པ་དང་། མི་རེ་རེས་འགན་འཁྲི་སྒྲུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་བསྐྲུན་པ་ནས།“དུས་རབས་གསར་པའི་ལིའུ་ཁྲི་སྲང་ལམ་གྱི་བྱ་བ་སྒྲུབ་ཐབས”ཀྱིས་མགོ་ཁུངས་ནས་བཅོས་སྐྱོང་དང་སྣ་མང་གིས་མཉམ་སྐྱོང་། འཆམ་མཐུན་མཉམ་སྤྱོད་བཅས་གཞི་རིམ་བཅོས་སྐྱོང་གི་ལམ་དུ་ཕྱིན་པའི་བར་དང་། གཞི་གྲངས་བློ་རིག་གི་ནུས་པས་བཅོས་སྐྱོང་སྔར་ལས་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བར་སྐུལ་འདེད་གཏོང་བ་ནས་ཁྲིམས་སྐྱོང་སྲུང་སྐྱོང་གིས་བདེ་འཇགས་ཀྲུང་གོའི་རྨང་རྡོ་བརྟན་པོ་བསྐྲུན་པའི་བར་སོགས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རང་རྒྱལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་། མ་འོངས་པར་ཁ་ཕྱོགས་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ལ་སྔར་ལས་མཐོང་ཆེན་བྱེད་དགོས་པ་དང་། ང་ཚོས་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ། བདེ་འཇགས་སྲུང་སྐྱོང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་བཅོས་སྐྱོང་གི་ལམ་དུ་བསྐྱོད་དེ། ཕན་ནུས་མཐོ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཆགས་སྟངས་གསར་པ་ནུས་ལྡན་ངང་བསྐྲུན་ཏེ། འཕེལ་རྒྱས་ཆགས་སྟངས་གསར་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ལམ་བདེ་ན་འགྲོ་བདེ་བས་མ་ཁྱབ། སྔར་བྱུང་མ་མྱོང་བའི་རླབས་ཆེན་ལས་དོན་ལ་དཀའ་ཚེགས་དང་འགྲན་སློང་སྣ་ཚོགས་འཕྲད་ངེས་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་འཛིན་པ་དང་ཚད་མཐའི་བསམ་བློ་བཏོན་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱས་ཚེ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཐུབ་ངེས་རེད།

ཤ་བོ་རིན་མཚོས་བསྒྱུར།