སྤྱི་ཡོངས་ལ་དམིགས་ཏེ་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས།
ཁུངས། ཀློག་གྲངས།

སང་ལོའི་དཔལ་འབྱོར་བྱ་བ་ཇི་ལྟར་བསྒྲུབ་དགོས་ཞེ་ན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་སྲིད་དོན་གྱི་བྱེད་ཕྱོགས་གལ་ཆེན་གཏན་འཁེལ་གསལ་པོ་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་བཏོན་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ལ་བརྡར་ཤ་བཅད་པ་དང་། རང་རྒྱལ་གྱི་འཕེལ་ཕྱོགས་ཆེན་མོ་ཁོང་དུ་ཆུད་པར་བྱས་ནས་བཏོན་པའི་གཅིག་འདོམས་འཆར་འགོད་ཅིག་རེད།

“བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འཐབ་འཛིང་ལ་སྔར་ལས་གཅིག་གྱུར་འཆར་འགོད་གང་ལེགས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་གཅིག་གྱུར་འཆར་འགོད་གང་ལེགས་བྱེད་པ”དང“སྔར་ལས་ཧུར་བརྩོན་དང་དངོས་གཞོལ་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་དམིགས་གཏད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ”དང“ནང་མཁོ་རྒྱུན་མཐུད་ངང་རྒྱ་བསྐྱེད་དང་། མཁོ་འདོན་ལེགས་པོར་བསྒྱུར་བ། འཕར་ཚད་ལེགས་སྒྲུབ་དང་། གསོག་ཚད་གསོན་སྒྱུར་བྱེད་དགོས་པ”སོགས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་བཏོན་པའི་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དེ། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་གོ་བ་ལེན་པ་དང་ལག་བསྟར་བྱེད་དགོས།

ད་ལོའི་ཚུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་དཀའ་ཁག་དང་འགྲན་སློང་མང་པོར་འཕྲད་པ་དང་། སྒོ་ཁྲལ་གྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་ལ་ངན་ཤུགས་ཐེབས་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ཇེ་དམའ་རུ་བཏང་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་མགྱོགས་མྱུར་ངང་ཕར་རྒོལ་དང་། སྣེ་མང་མཉམ་འཐབ་བྱས་ཏེ། ཁྱབ་ཁོངས་མང་པོར་ངོ་རྒོལ་བྱེད་པའི“ཐབས་ཇུས་སྣ་ཚོགས་མཉམ་སྤྱོད”ཀྱིས་ཁ་གཏད་ནུས་ལྡན་འཇལ་བ་དང་། ཐོག་མཐའ་བར་གསུམ་དུ་རང་འགུལ་དབང་ཆ་དམ་པོར་བཟུང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་བཀུར་ཐོབ།

ལོ་གཅིག་གི་རིང་ལ། ང་ཚོས་སྲོལ་རྒྱུན་ཐོན་ལས་ལ་འགྱུར་ལྡོག་བཏང་བ་དང་། གསར་དར་ཐོན་ལས་རྒྱ་བསྐྱེད་པ། མ་འོངས་ཐོན་ལས་འཚར་ལོངས་འབྱུང་བར་བྱེད་པ་བཅས་ཀྱི་ཐད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས9.6%འཕར་བ་དང་། ནང་མཁོ་རྒྱ་བསྐྱེད་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པ་དང་། དུས་ཚིགས་སྔོན་མ་གསུམ་གྱི་མཇུག་མཐའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད53.5%ལ་སླེབས་པ་སོགས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་སྟོབས་ཆེར་གཏོང་བའི་བར། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་གཏིང་ཤུགས་བརྟན་པོ་བསྐྲུན་པ་དང་། “ཀྲུང་གོའི་བཅོས་སྐྱོང”གི་མདུན་ལྗོངས་གཞན་དག་ལས་ལྷག་ཏུ་བཟང་།

ལོ་གཅིག་རིང་གི་ཧ་ཅང་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་པ”དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན་གྱི་གྲས་སུ་བཞག་པར་གོ་བ་སྔར་ལས་གཏིང་ཟབ་ལོན་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱིས་བཏོན་པའི“གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པའི”བླང་བྱ་གསལ་པོ་གཉིས་ལ་གོ་བ་སྔར་ལས་གཏིང་ཟབ་ལོན་པར་གྱུར།

དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་ཆེན་པོའི་འབྲེལ་བས་རྒྱལ་སྤྱིའི་གནས་བབ་ལ་ཤུགས་རྐྱེན་ཐེབས་ཤིང་། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་གིས་རྒྱལ་ནང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་སྔར་བཞིན་ངེས་གཏན་མེད་པའམ་སྔོན་དཔག་བྱེད་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་ལ་འཕྲད་ཡོད་པས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་ཞིང་ལྗིད་མོ་རེད། ལག་ལེན་གྱིས་ང་ཚོར་བརྗོད་དོན། རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་ལ་གདོང་གཏོད་སྐབས། འཐབ་ཇུས་ངེས་ཤུགས་རྒྱུན་སྲུང་བྱ་དགོས་པ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་སྤྱད་འབད་བརྩོན་གྱིས་ནང་རྩལ་སྦྱོང་བར་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས་ལ། ལས་ཞུགས་བརྟན་པ་དང་། ཁེ་ལས་བརྟན་པ། ཁྲོམ་ར་བརྟན་པ། སྔོན་དཔག་བརྟན་པ་བཅས་ལ་ཤུགས་བཏོན་ཏེ། དངོས་གཞིའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ལེགས་པོར་བསྒྲུབ་དགོས། རང་བདག་གསར་གཏོད་ནུས་པ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་ཚེ། འཐབ་ཇུས་ཀྱི་རང་འགུལ་ཐོབ་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གནོན་ཤུགས་ཐེག་ཐུབ་པ་དང་། ནང་གི་སྟོབས་ཤུགས་སྦྱོང་བརྡར་ཡག་པོ་བྱེད་པ། རྐང་པ་བརྟན་པོར་ཚུགས་པ་བཅས་བྱས་ན། བརྒལ་མི་ཐུབ་པའི་འགག་སྒོ་ཅི་ཡང་མེད”ཅེས་གསུང་པ་ནང་བཞིན་རེད།

གྲོས་ཚོགས་ཀྱིས་སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཏན་འཁེལ་གསལ་པོ་བྱས་ཏེ། “བརྟན་ཐོག་ཡར་འཕེལ་དང་། སྤུས་འདེགས་ཕན་འཕར་རྒྱུན་འཁྱོངས་བྱས་ཏེ། སྔར་ཡོད་ཀྱི་སྲིད་ཇུས་དང་གསར་བཏོན་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་འདོན་སྤེལ་དང་། ལྡོག་འཁོར་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ནུས་པ་ཇེ་ཆེར་གཏོང་དགོས”ཞེས་བཏོན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ནུས་ལྡན་དང་། སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་དང་མཐོར་འདེགས་གཏོང་བར་ཕན་འདོགས་ཐུབ། སང་ལོའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་གཏན་འཁེལ་བྱས་ནས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་། འོས་འཚམ་ལྷོད་གཡེང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ནི་ད་ལོའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་གཅིག་གྱུར་ཡིན་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། གཏན་འཇགས་རང་བཞིན་མངོན་ཡོད་ལ། དཔལ་འབྱོར་བརྟན་བརླིང་ངང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་རེད།

ད་ལོའི་ཚུན་དུ། དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲིག་ཁྲིག་གསུམ་བཀོད་སྒྲིག་བྱས་ནས“གཙོ་བོ་གཉིས”དང“གསར་པ་གཉིས”ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་ནས། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་མང་པོ་གསར་འཛུགས་དང་ལག་བསྟར་གྱིས་ཚན་རྩལ་གསར་སྐྲུན་དང་། འཛད་སྤྱོད་མཐོར་འདེགས་སོགས་ལ་རོགས་རམ་འདོན་སྤྲོད་བྱེད་པ། དེ་ནས་སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོ་ཁྲིད་སྟོན་ལ་ཤུགས་བསྣན་ནས། མ་དངུལ་གྱི་ཐོན་ཁུངས་སྔར་ལས་མང་པོ“མི་ལ་གཏོང་བ”སོགས་བྱས་པ་བརྒྱུད། སྲིད་ཇུས་རེ་རེ་དུས་སྐབས་དང་བསྟུན་ནས་གྲ་སྒྲིག་དང་། གནས་བབ་དང་བསྟུན་ནས་འདོན་པ། མཐུན་སྦྱོར་ངང་ཤུགས་འདོན་པ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྩལ། ནུས་ལྡན་གྱི་སྤྱི་ཁོག་སྲིད་ཇུས་དང་གནད་ཁེལ་གྱི་སྤྱི་ཁོག་སྙོམས་སྒྲིག་བྱ་རྒྱུ་དེ་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་དང་གེགས་མེད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ལག་ལེན་ལས་ར་སྤྲོད་བྱས་ཡོད།

“སྤུས་འདེགས་ཕན་འཕར”ཡོང་བར་བྱེད་རྒྱུ་ནི་སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པའི་ཕྱོགས་གལ་ཆེན་ཞིག་རེད། ཧུར་བརྩོན་དངོས་སྒྲུབ་ཀྱི་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་། འགྲོས་རིམ་དང་གོ་སྐབས་བཅས་དམ་འཛིན་བཟང་པོ་བྱེད་པ། “འདུས་གྲུབ་ཕན་ནུས”འདོན་སྤེལ་བྱེད་པ་བཅས་ཀྱིས་སྲིད་ཇུས་གནད་དུ་འཁེལ་ཚད་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་མཉམ་ཤུགས་ཆགས་པར་བྱེད་དགོས།

སྤྱི་ཁོག་སྲིད་ཇུས་དེ་དཔལ་འབྱོར་གྱི“གཏན་འཇགས་འཕྲུལ་ཆས”ཡིན་པའི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་པ་དང་། སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་གཏོང་བའི་ཐད་སྔར་ལས་ཆེ་བའི་ཐོད་བརྒལ་བྱུང་ན། དཔལ་འབྱོར་འཁོར་སྐྱོད་དང་ཚོང་རའི་སྔོན་དཔག་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་ལ། ལམ་ལུགས་ཀྱི་དགེ་མཚན་དེ་མུ་མཐུད་དུ་བཅོས་སྐྱོང་གི་ནུས་འབྲས་དང་འཕེལ་རྒྱས་ཀྱི་རྒྱལ་ཁའི་ཕྱོགས་སུ་བསྒྱུར་ཐུབ་ངེས་རེད།

ཡིད་ཆེས་ནི་དེང་འདིར་ཡོད་དགོས་ལ། མ་འོངས་པར་ཡང་ཡོད་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁྲོད། ང་ཚོས་ཡིད་ཆེས་རྙེད་བྱུང་ལ། ཀྲུང་གོ་ལ་རྒྱུས་ལོན་དེ་བས་ཟབ་མོ་བྱུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག གོམ་པ་རེ་རེ་བཞིན་མདུན་ཕྱོགས་སུ་བསྐྱོད་པ་དང་། བྱ་བ་སོ་སོ་ཏན་ཏན་ཏིག་ཏིག་གིས་ལེགས་པར་བསྒྲུབ་ཚེ། ང་ཚོས་ཀྲུང་གོའི་དཔལ་འབྱོར་ནི“གྲངས་འབོར”གྱི་ཐད་ནས་མུ་མཐུད་དུ་སྐས་ཐེམ་གསར་པ་ཞིག་ཏུ་སླེབས་པ་དང་། “སྤུས་ཀའི”ཐད་ནས་མུ་མཐུད་དུ་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཤ་བོ་རིན་མཚོས་བསྒྱུར།