
ཁོམ་པ་ཅུང་ཙམ་བྱུང་ན། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཝང་ཅིན་ཧྲུའོ་ཟ་ཁང་དུ་ཡོང་ནས་རོགས་རམ་བྱེད་ངེས།
ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཚང་མས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ་དང་། སྡེ་བའི་ནང་གི་ན་གཞོན་ཚོ་ཡང་རིམ་བཞིན་ཕ་ཡུལ་དུ་ལོག་སྟེ། སྡེ་བ་ཧྲིལ་བོ་ཚ་ཚ་འུར་འུར་དུ་གྱུར་ཡོད།
དྲོས་ཇ་ཅི་ཞིག་འཐུང་རྒྱུ་ཡིན། དྲི་བ་འདི་ནི་སྔོན་ཆད་ཅིན་ཧྥ་ཧྲུན་གྱིས་ལོ་མང་བོར་སེམས་ཁྲལ་བྱས་པའི་གནད་དོན་ཞིག་ཡིན་ལ། ད་སྐབས་ཁོར་དྲི་བ་འདིར་ཡིད་ཚིམ་པའི་ལན་ཞིག་ཡོད། ད་ནས་བཟུང་འཁྱག་སོབ་སོབ་ཀྱི་ཐབ་ཀ་དང་འཁྱག་སོབ་སོབ་ཀྱི་སླ་ངར་གདོང་གཏད་ནས་སུན་སྣང་བྱེད་མི་དགོས་ལ། ཆུ་ཐང་བཀལ་ཐུག་གང་གིས་ཆོག་པར་ཡང་བྱེད་མི་དགོས། ཁོས་དལ་བྲེལ་མེད་པར་དགུན་ལྭ་དང་ཞྭ་མོ་གོན་ནས་སྒོར་ཟྭ་བརྒྱབ་སྟེ། དགའ་དགའ་སྤྲོ་སྤྲོའི་ངང་སྨི་བརྒྱའི་མཚམས་ཀྱི་བདེ་སྐྱིད་ཟ་ཁང་གི་ཕྱོགས་སུ་སོང་བ་དང་། བརྟན་བརླིང་གི་གོམ་སྟབས་ཀྱང་མགྱོགས་ཤིང་ཡང་བར་གྱུར་སྣང་བ་ཞིག་མངོན་འདུག
ཟས་ཐུན་གཅིག་གི་སེམས་ཁྲལ།
ཅིན་ཧྥ་ཧྲུན་ཚང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་ཞི་ཐན་ཡུལ་ཚོའི་ཏུང་ཧྲན་སྡེ་བ་རུ་ཡོད་ལ། གཞིས་ཁང་ཅུང་རྙིང་བར་གྱུར་ཡོད། སྐབས་དེར་ཁོའི་ཆུང་མའང་ཚེ་འདིར་ཡོད་པ་དང་། རྒན་རྒོན་གཉིས་དང་བུ་ཆུང་། མནའ་མ། ཚ་བོ་བཅས་ལྷན་དུ་བསྡད་ཡོད། ཞིང་ས་མུའུ་བཅུ་ལྷག་ཡོད་པ་ལས། བཟའ་མི་ལྔ་བོའི་འཚོ་བ་བུ་ཅིན་ཡོང་ཁྲོན་དང་མནའ་མ་གཉིས་ཀྱིས་ཕྱི་ནས་ཞོར་ལས་བྱས་པ་ལས་སྐྱེལ་བཞིན་ཡོད།
གོད་ཆག་ནི་གློ་བུར་བའི་གྲང་རླུང་ཞིག་དང་འདྲ། 2018ལོར། ཁོའི་ཆུང་མ་གློ་བུར་དུ་ཚེ་ལས་འདས་པས། ཁྱིམ་ཚང་འདིའི་ཞོལ་འཇགས་རྨག་མེད་དུ་བཏང་། བུ་དང་མནའ་མ་གཉིས་འཚོ་བའི་དཀའ་ཁག་ལ་འཕྲད་པ་སྟེ། ཕྱོགས་གཅིག་ནས་ཕྱིར་ཞོར་ལས་ལ་སོང་ནས་སྒོར་མོ་བཙལ་ཏེ་ཁྱིམ་ཚང་སྐྱོང་དགོས་ལ། ཕྱོགས་གཅིག་ནས་ལོ་ན་དྲུག་ཅུར་ལོན་པའི་ཕ་རྒན་དང་ད་དུང་ནར་སོན་མེད་པའི་བྱིས་པ་གཉིས་ལ་བདག་སྐྱོང་བྱེད་དགོས།
ཁྱོ་ཤུག་གཉིས་ཀྱིས་གྲོས་བྱས་ཏེ་འུ་ཐུག་པའི་ཐབས་བཀོད་ཞིག་འཐེན་དགོས་བྱུང་། ཅིན་ཡོང་ཁྲོན་མུ་མཐུད་དུ་ཕྱིར་ཞོར་ལས་སུ་འགྲོ་བ་དང་། ཚའེ་ཀོས་ཕིན་ཁྱིམ་དུ་བསྡད་ནས་ཁྱིམ་མིར་བདག་སྐྱོང་བྱེད་རྒྱུ་བྱོས། ཞོར་ལས་ལ་དུས་ཚིགས་རང་བཞིན་དྲག་པོ་ཡོད་པ་དང་། ཟླ་བཅུ་པར་ཐོན་ནས་ནམ་ཟླ་ཇེ་འཁྱགས་སུ་སོང་ན་ལས་མཚམས་འཇོག་དགོས། མི་གཅིག་གིས་སྒོར་མོ་བཙལ་ནས་བཟའ་མི་བཞི་ཡི་ཁ་གསོ་དགོས་ལ། ཕྱི་ནས་བཙལ་བའི་སྒོར་མོ་དེ་ཇ་ཚྭ་ཁུ་སོགས་ཉིན་རྒྱུན་གྱི་འགྲོ་སོང་ཐད་གཏོང་དགོས་པས། སྒོར་མོ་གསོག་རྒྱུ་ནི་སྟོང་བསམ་ཁོ་ནར་གྱུར།
དགུན་ཟླ་ཞིག་ཕར་སྐྱེལ་ནས་དཔྱིད་གསར་བསུས་ཏེ་ལོ་གཅིག་གི་འགོ་བརྩམས། ཞིན་ཅང་དུ་ཞོར་ལས་ལ་སོང་བའི་ཅིན་ཡོང་ཁྲོན་གྱིས་ལས་ཀ་ལས་ནས་ཟླ་གཉིས་མ་འགོར་བར། བརྟག་དཔྱད་བྱས་ཏེ་ནད་བྱུང་ཡོད་པར་ངོས་འཛིན་བྱས། སྨན་བཅོས་བྱས་རྗེས། ལུས་ཕུང་སྔོན་ཆད་དང་བསྡུར་ཐབས་མེད་པར་གྱུར། ཁྱོ་ཤུག་གཉིས་ཀྱིས་འདང་ཟབ་མོ་བརྒྱབ་རྗེས། དངུལ་བུན་བསྐྱིས་ཏེ་རྫོང་མཁར་བྱང་ངོས་ཀྱི་སྲང་ལམ་ནས་ཚོང་ཁང་ཆུང་བ་ཞིག་ཉོས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་དགོས་ནའང་། ཚོང་ཁང་རང་ཉིད་ཀྱི་ཡིན་པས། དུས་ཚོད་ཀྱང་ལྟོས་བཅས་ཀྱིས་རང་དབང་ཡིན། ཅིན་ཡོང་ཁྲོན་གྱིས་ཕྱོགས་གཅིག་ནས་ཁྱིམ་ཚང་སྐྱོང་དགོས་ལ། ཕྱོགས་གཅིག་ནས་ཚོང་ཁང་གཉེར་ནས་ཡོང་སྒོ་བཙལ་དགོས། ཚའེ་ཀོས་ཕིན་ནང་ལོག་གི་བཟོ་གྲྭ་རུ་སོང་རྗེས། ཡོང་འབབ་སྔོན་ཆད་ཀྱི་ཞོར་ལས་ལས་ཅུང་བཟང་བོར་གྱུར་ཡོད།
“ཨ་ཕ། ཁྱོད་ང་ཚོ་དང་མཉམ་དུ་རྫོང་མཁར་ནས་འདུག”ཅིན་ཡོང་ཁྲོན་གྱིས་དེ་ལྟར་ཨ་ཕར་ཁ་ལ་བྱོས།
ཅིན་ཧྥ་ཧྲུན་གྱིས་ཁང་བའི་ཕྱི་རོལ་ལ་བལྟ་བཞིན། མགོ་བོ་འཕྲེད་ཏུ་གཡུག ཁོས་བུ་ཡིས་གླས་པའི་ཚོང་ཁང་མ་གཞི་ནས་ཁོངས་ཡངས་པོ་ཞིག་མིན་པ་ཤེས་ཡོད། ཉིན་རྒྱུན་གྱི་འཚོ་བའི་ཁྲོད། བུ་དང་ཚ་བོ་གཉིས་ཟུར་གྱི་མལ་ཁྲིའི་སྟེང་འཚང་ཁ་བརྒྱབ་ནས་ཉལ་དགོས།
དེ་བས། ཅིན་ཡོང་ཁྲོན་གྱིས་ཉིན་གཉིས་གསུམ་རེའི་རྗེས་ནས་ཐུག་པ་དང་སྔོ་ཚལ་རེ་ཉོས་ནས་སྡེ་བའི་ནང་བསྐྱལ་དགོས། ཨ་ཕའི་འཚོ་བའི་གོམས་གཤིས་ལ་ཁོ་རང་ཧ་ཅང་ཆ་རྒྱུས་ཡོད། ཞོགས་པར་གོ་རེ་དང་ཇ་ཡིན་ལ། དགོང་ཟས་ཉུང་ཙམ་ལས་མི་ཟ། ཉིན་གུང་གི་ཟས་ཐུན་གཅིག་པུ་འགྲོ་ཐབས་འདུག་ཐབས་བྱེད་བཞིན་ཡོད།
“ཨ་ཕ། ཉིན་གུང་ཁྱོད་ཀྱིས་ཟ་མ་ཡག་པོ་ཟ་དགོས། སྔོ་ཚལ་རེ་བརྔོས། ཐབས་ཆག་མ་བྱེད།”ཁྱིམ་ནས་ཕྱིར་འགྲོ་ཐེངས་རེར་ཅིན་ཡོང་ཁྲོན་གྱིས་ནམ་རྒྱུན་དེ་ལྟར་མངགས་བཅོལ་བྱེད།
“ཤེས་སོང་། ཁྱོད་ཀྱང་ཡར་རྒྱུག་མ་རྒྱུག་དེ་འདྲ་ཞིག་མ་བྱེད། དངོས་པོ་འདི་དག་སྡེ་བའི་ནང་ནས་ཀྱང་ཉོ་ཐུབ།”རྡུལ་གྱིས་གཡོགས་པའི་བུའི་རྒྱབ་གཟུགས་ལ་བལྟ་བཞིན། ཅིན་ཧྥ་ཧྲུན་གྱི་བསམ་པར། ཉིན་གུང་གི་ཟས་ཐུན་འདི་ནི་གཟུགས་མེད་ཐག་པ་ཞིག་དང་འདྲ་བར། བུའི་སེམས་ནས་ནམ་ཡང་འདོར་ཐུབ་ཀྱིན་མེད་པར་འདོད།
ན་ནིང་ལོ་འགོ་ནས་བཟུང་། ཞི་ཐན་ཡུལ་ཚོ་ཏུང་ཧྲན་སྡེ་བའི་བདེ་སྐྱིད་ཟ་ཁང་རིམ་འཕར་བྱས་པའི་གསར་འགྱུར་བསྒྲགས་ནས། སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་དུ་འུར་ཟིང་ཤིན་ཏུ་ཆེ།
དོན་ངོ་མར། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། སྡེ་བས་བདེ་སྐྱིད་གཞིས་ཁྱིམ་འཛུགས་སྐྲུན་བྱས་ནས་ཤིན་ཏུ་དཀའ་ཁག་ཡོད་པའི་ལོ་ལོན་ལ་བདག་སྐྱོང་བྱས། ཕྱིས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་དོན་དངོས་གནས་ཚུལ་དང་བསྟུན་ནས་རྒན་པའི་རོགས་སྐྱོར་ཟ་མའི་མ་ལག་ཧུར་ཐག་གིས་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཏུང་ཧྲན་སྡེ་བས་ཀྱང་དམངས་སྲིད་སྡེ་ཁག་དང་རོགས་སྐྱོར་འབྲེལ་གཏུག་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ནས། བདེ་སྐྱིད་གཞིས་ཁྱིམ་དེ་བདེ་སྐྱིད་ཟ་ཁང་དུ་བསྒྱུར། ཆེས་ཐོག་མར། གཟའ་འཁོར་རེའི་གཟའ་ལྷག་པ་ལ་ལོ་ལོན་ཚོར་གུང་ཟས་རིན་མེད་ཀྱིས་འདོན་སྤྲོད་བྱས་པ་རེད། རྗེས་སུ་གཟའ་མིག་དམར་དང་གཟའ་པ་སངས་གཉིས་ཀྱི་ཟ་མ་ཁ་སྣོན་བྱས་པ་རེད། ཉིས་སྟོང་ཉེར་ལྔ་ལོའི་ལོ་མགོ་ནས་བཟུང་། རྫོང་རིམ་པའི་ནོར་སྲིད་རོགས་དངུལ་གྱི་ཁ་གསབ་དང་། ཞིང་ཆེན་རིམ་པའི་སྐར་རིམ་དཔྱད་འཇོག་ཁ་གསབ། སྡེ་བའི་ཕྱོགས་བསྡུས་རོགས་དངུལ་ཁ་གསབ། འབྲེལ་གཏུག་ལས་ཁུངས་ཀྱི་ཁ་གསབ། སྤྱི་ཚོགས་སྟོབས་ཤུགས་ཀྱི་ཞལ་འདེབས་ཁ་གསབ། མི་སྒེར་རང་ངོས་ནས་ཉུང་ཙམ་སྟེར་བ་བཅས་ཀྱི་སྣ་མང་མ་རྩའི་འགན་སྲུང་རྐྱེན་སྲོལ་བཙུགས་ནས། བདེ་སྐྱིད་ཟ་ཁང་དེ་དངོས་སུ་རིམ་འཕར་བྱས་ཏེ། གཟའ་འཁོར་གཅིག་ལ་ཉིན་ལྔར་ཟ་མ་ཡོད་པ་དང་། ཉིན་རེའི་ཉིན་གུང་ལོ་ན་རེ་ལྔ་ཡན་གྱི་ལོ་ལོན་དང་དཀའ་ཁག་ཅན་གྱི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་བཅས་ལ་རིན་མེད་ངང་འདོན་སྤྲོད་བྱས།
ཅིན་ཧྥ་ཧྲུན་གྱིས་ཚོད་ལྟའི་ཚུལ་གྱིས་ཟ་ཁང་ནང་སོང་ནས་བལྟས་ཙ་ན། སྒེའུ་ཁུང་གཙང་མར་ཕྱིས་ཤིང་། སྒོར་ཅོག་རེ་འགའ་བཞག་ཅིང་ནང་དུ་མིས་བཀང་འདུག ཁོ་དེར་ཡོད་དག་གིས་འདུག་གནས་སྟོང་བ་ཞིག་གི་སྟེང་སྡོད་དུ་བཅུག་སྟེ། སྒོར་ཅོག་གི་སྟེང་ལ་ཕྱེ་ཐུག་ཚ་མོ་ཞིག་བཞག་རྗེས། དྲི་མ་ཞིམ་པའི་ཚལ་སྡེར་གཉིས་བཞག་འདུག སྒོར་ཅོག་སྟེང་གི་གྲོགས་པོ་རེ་འགས་ཟ་མ་ཟ་ཞོར་དུ་གནས་ཚུལ་སྣ་ཚོགས་ཁ་བརྡ་བྱེད་བཞིན་ཡོད། ཁོས་ཁ་རོགས་གེར་ཉན་ཞོར་དུ། ཕྱེ་ཐུག་དཀར་ཡོལ་གང་གིས་ལུས་པོ་དྲོས་ཤིང་སེམས་པ་ལྷོད་ལ་བབས།
ཅིན་ཧྥ་ཧྲུན་ལ་དེ་ལས་ཀྱང་སེམས་འགུལ་ཐེབས་སུ་བཅུག་པ་ནི། གནས་འདི་རུ་ཞབས་ཞུ་བ་དང་འཛད་སྤྱོད་པ་མེད་པར། སྡེ་བའི་ནང་གི་ཉེ་མི་དག་གིས་གང་ཡོད་པ་དེ་རེད། ལག་ལ་ཐུར་མ་བཟུང་ཡོད་པ་དེ་ནི་ཁོ་དང་སྡེ་བ་གཅིག་པའི་ཆོ་གཡུ་མཚོ་རེད། གཟའ་འཁོར་གཅིག་ལ་ཟས་ཐུན་ལྔ་ཡོད་པ་དང་། ཐུན་རེ་རེའི་ཟས་སྣ་མི་གཅིག་པ་མ་ཟད། ཟ་མ་ཚང་མ་ཁ་ལ་ཞིམ་ཞིང་སྙི་མོ་རེད། ཉོ་སྒྲུབ་ཀྱི་འགན་འཁུར་བའི་སྡེ་བའི་བུད་མེད་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཧྲིག་ལེན་ཁ་ཆར་བུ་ཡུག་གི་ཁྲོད་ནས་ཅི་ཙམ་འདུར་རུང་། དཀའ་སྡུག་ཅི་ཙམ་མྱངས་ཀྱང་རུང་། ཁོ་མོས་འཁང་ར་གཅིག་ཀྱང་བྱས་མ་མྱོང་ཞིང་། མི་མང་བའི་སྐབས་སུ་ཁོ་མོས་པང་ཁེབས་བརྒྱབ་ནས་ཐབ་ཚང་ནས་རོགས་རམ་བྱེད་ཀྱིན་ཡོད། ཁོ་མོ་མ་ཁོམ་ན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཅན་ཧྲོའུ་ཟ་ཁང་དུ་ཡོང་ནས་རོགས་འདེགས་བྱས་ཏེ། རྒན་པ་ཚོར་ཟས་ཕོར་དང་ཚོད་སྡེར་འབུལ་རོགས་བྱེད་ཀྱིན་ཡོད། ཅིན་ཧྥ་ཧྲོན་གྱི་སྣང་ངོར་བསྐོལ་བའི་ཟ་མ་ཞིམ་དགོས་པར་མ་ཟད་མི་སེམས་སྐྱིད་ལ་བསྐུར་ཐུབ་ན་དེ་ནི་དོན་ཆེན་ཞིག་རེད་འདོད་ཀྱིན་ཡོད།
ཉིན་དེའི་དགོང་མོར། ཅིན་ཡུང་ཁྲོན་གྱིས་ཨ་ཕས་ཚུར་བཏང་ཡོང་བའི་ཁ་པར་བླངས་རྗེས་། ཨ་ཕས་ཁོ་ལ་ཟ་ཁང་ཧ་ཅང་བཟང་ལ་ཟ་མ་ཤིན་ཏུ་ཞིམ། དེ་བསྟུན་གྱི་མིའང་མང་ལ་འདུ་འཛི་ཆེ། ཁྱོད་ཀྱིས་སེམས་བདེ་མོའི་ངང་རང་གི་ཚོང་ལས་གཉེར། དུས་ངེས་མེད་དུ་ངེད་སར་ཡོང་མི་དགོས་ཟེར།
འཚོ་བ་གསར་པའི་སྐྱིད་སྣང་།
ཅིན་ཡུང་ཁྲོན་ཡང་བསྐྱར་རང་ཁྱིམ་དུ་ལོག་པ་ན། ཨ་ཕའི་སྐད་ཆ་སྔོན་ཆད་དང་བསྡུར་ན་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་པ་ཚོར།
དེ་རིང་ཟ་ཁང་ནང་ནས་ཐུག་པ་དཀར་ཡོལ་ཆེན་པོ་གང་འཐུང་ཟིན་ལ། ཟ་ཁང་གི་ཉེ་འགྲམ་ན་ས་སྟོང་ཅུང་ཆེན་པོ་ཞིག་ཡོད་ཅིང་། ང་ཚོ་ལས་རོགས་ཚོས་དེ་གར་ཞོག་ཁོག་བཏབ་ནས་ཟ་ཁང་ལ་རང་གི་ཚོད་ཀྱིས་སྟོབས་ཤུགས་ཤིག་འབུལ་དགོས་བསམ་གྱིན་ཡོད་ཟེར།
ཨ་ཕའི་སྐད་ཆའི་ནང་ན་འཚོ་བ་གསར་པར་བཅངས་པའི་རེ་བ་དང་འཆར་གཞི་མངོན་འདུག་ཅིང་། ཕ་བུ་གཉི་གའི་བར་གྱི་སྐད་ཆ་དེའང་སྔོན་ཆད་ཀྱི་ཟ་མ་ཟོས་ཟིན་ནམ་ཡང་ན་ཟ་མ་ཅི་ཞིག་ཟོས་པ་ཡིན་ལྟ་བུ་ལས་ཚ་བོའི་སློབ་སྦྱོང་དང་ཚོང་ཁང་གི་ཚོང་གཉེར་ཕྱོགས། མ་འོངས་པའི་འཆར་གཞི་སོགས་སུ་གྱུར་འདུག འཚོ་ཚིས་ཀྱི་གནོན་ཤུགས་ཆེན་པོའི་འོག་ཏུ་སེམས་ཆུང་དུ་གྱུར་ཡོད་པའི་ཤ་ཉེ་དེ་ཚོ། ད་ལྟ་ལྟ་སྐྱོང་གི་སྲིད་ཇུས་འདིའི་ཁྲོད་ནས་བཅིངས་འགྲོལ་ཐོབ་སྟེ། སྔར་ལས་གུ་ཡངས་ཅན་དང་བདེ་སྣང་ཅན་དུ་གྱུར་འདུག
སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་དུ། ཅིན་ཧྥ་ཧྲུན་གྱི་རྒྱབ་གཟུགས་དེ་དུས་ཚོད་ངེས་གཏན་ནང་ཟ་ཁང་ནང་ནས་མངོན་བྱུང་། ཁོའི་ལས་རོགས་ཝང་ཀྲིན་ཁུའེ་དང་ཡེ་ཕའེ་མེན། ཁྲུའུ་ཝེ་ཡུས་བཅས་ཅོག་ཙེའི་མཐའ་རུ་འདུས་འདུག
དེ་རིང་ནས་ཕྱེའི་ཐུག་པ་བསྐོལ་ཡོད། ངས་དཀར་ཡོལ་གཉིས་འཐུང་རྒྱུ།
ད་རུང་ལུག་གི་མཆིན་པ་ཟ་རྒྱུ་ཡོད།
འོ་ལོས། ལུག་ཁ་སང་བཤས་ནི་རེད།
མཚམས་རེར་ཟོས་ན་སྐྱོན་མེད། ཞིམ་པོ་ཡིན།
ཟ་མ་ཟོས་རྗེས་འགྱིག་འདེད་པར་འགྲོ།
རྒན་རྒོན་ཚོས་དེ་ལྟར་ཁ་བརྡ་བྱེད་མུར། སྒོ་ཡོལ་ཕྱེས་བྱུང་བ་དང་ཝང་ཅིན་ཧྲོའུ་ཡིས་ཟས་འཁོར་དེད་ནས་ནང་དུ་འཛུལ་ཡོང་།
ཨ་ཁུ་ཨ་ནེ་རྣམ་པ། ཟ་མ་ཟོ།
ཅིན་ཧྥ་ཧྲུན་གྱིས་ཐུག་པ་ཁམ་གང་འཐུང་རྗེས་རང་ཁྱིམ་གྱི་བྲོ་བ་རྣལ་མ་དེ་ལྕེ་རྩེ་རུ་ཡོངས་སུ་ཁྱབ་ཡོང་། བྲོ་བ་འདི་ནི་ཟ་མའི་རྒྱུ་ཆ་གསར་པ་ལས་བྱུང་བ་མ་ཟད། ཟས་ཅོག་གཅིག་གི་སྟེང་དུ་འཛོམས་ནས་བག་ཕེབས་ངང་བདེ་སྐྱིད་ལོངས་སུ་སྤྱོད་པ་ལས་བྱུང་བ་ཞིག་ཅི་ལ་མིན།